སྨྱན་སྦྱོར་མཉམ་འདྲེས་དུས་ཀྱི་གསར་འགོད་པར་ཚང་དགོས་པའི་ཆ་རྐྱེན་རགས་ཙམ་གླེང་བ།
སྤྱི་ཚོགས་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་ཆ་འཕྲིན་ཅན་གྱི་དུས་རབས་འདིར། སྨྱན་སྦྱོར་མཉམ་འདྲེས་ཀྱི་བླང་བྱ་ཇེ་མཐོ་དང་རེ་བ་ཇེ་ནན་དུ་འགྲོ་བཞིན་ཡོད་པས། སྨྱན་སྦྱོར་ཁག་གི་གསར་འགྱུར་ལས་དོན་པས་དུས་བསྟུན་མདུན་སྐྱོད་ཀྱིས་ཏང་དང་སྲིད་གཞུང་གིས་བཏོན་པའི་གསར་འགྱུར་ལས་དོན་སྐོར་གྱི་བླང་བྱ་དང་མཐུན་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་འཚམ་པ། རྒྱ་ཆེའི་མང་ཚོགས་ཀྱི་ཆ་འཕྲིན་གྱི་དགོས་མཁོ་གང་ལེགས་སྐོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། གཤམ་ལ་སྨྱན་སྦྱོར་མཉམ་འདྲེས་དུས་ཀྱི་གསར་འགོད་པར་རིག་གནས་ཤེས་བྱ་སྣ་མང་འཛོམས་པ་དང་། ལྷག་དོན་ཆབ་སྲིད་ཀྱི་གོ་རྟོཌ་མཐོ་བ། བསམ་གཞིག་གི་ནུས་པ་ལྡན་པ། སྐབས་བསྟུན་དུས་སྦྱར་ཀྱི་ནུས་པ་ལྡན་པ། ཆ་འཕྲིན་སྡེབ་སྒྲིག་གི་ནུས་པ་སོགས་ཆ་རྐྱེན་འགའ་ཞིག་ལྡན་དགོས་ཚུལ་རེ་རེ་བཞིན་གླེང་བར་བྱའོ།
ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས།
སྨྱན་སྦྱོར་མཉམ་འདྲེས་དུས་ཀྱི་གསར་འགོད་པས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་ནས། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན། ལས་ཀའི་ཁ་ཕྱོགས་བཅས་མཐའ་འཁྱོངས་བྱེད་དགོས། 2018ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྲོས་ཚོགས་སུ། “དྲིལ་བསྒྲགས་བསམ་བློའི་ལས་དོན་པས་རྒྱུན་ཆད་མེད་པར་ཤེས་བྱ་གསར་པ་ཁོང་དུ་ཆུད་པ་དང་། ཁྱབ་ཁོངས་གསར་པར་རྒྱུས་མངའ་ཡོད་པ། མཐོང་རྒྱ་གསར་པ་བསྐྱེད་པ། འཇོན་ཐང་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགྲོ་ནུས་དང་། བལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཀྱི་ཐད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེ་བ། བདེན་འཚོལ་གསར་གཏོད་བྱེད་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་དྲིལ་བསྒྲགས་བསམ་བློའི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་དགོས། ”ཞེས་གསུངས་ཡོད་པས། དུས་རབས་གསར་པའི་གསར་འགྱུར་ལས་དོན་པ་ཚོས་ཀྱང་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱབ་སྤེལ་ཧུར་ཐག་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་། གསར་འགྱུར་ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་། སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། དུས་རབས་ལ་ཁྲིད་སྟོན། ལས་སྒོ་ཁག་ལ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པ་བཅས་ཀྱི་གསར་འགྱུར་ལས་དོན་པ་ཞིག་བྱེད་དགོས།
དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་རྒྱུན་འཁྱོངས་བྱས་ཏེ། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་པ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། དྲང་ནུས་ཁྱབ་སྤེལ་གང་ལེགས་བྱས་ནས་དགེ་མཚན་ལྡན་ཞིང་སྐྱོན་བྲལ་ངང་གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཁྲིད་སྟོན་བྱེད་པར་ཚད་མཐོའི་མཐོང་ཆེན་དང་ལྷག་པར་དུ་གསར་འགྱུར་ཤེས་ལྡན་པ་གསོ་སྐྱོང་ལ་དོ་ཁུར། གསར་འགྱུར་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་མཐོང་ཆེན་གྱིས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས”ཞེས་གསུངས་ཡོད། སྨྱན་སྦྱོར་མཉམ་འདྲེས་དུས་ཀྱི་གསར་འགྱུར་ལས་དོན་པས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་བསྒྲུབས་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པའི་སྤྱིའི་བླང་བྱ་དང་བསྟུན་ནས་ཏང་གི་མགྲིན་ཚབ་པ་བཟང་པོ་ཞིག་བྱེད་དགོས།
བསམ་གཞིག་གི་ནུས་པ་དང་གསར་གཏོད་བྱེད་མཁས་པོ་དགོས།
སྤྱིར་གསར་དུ་ཐོན་དང་འཐོན་བཞིན་པའི་བྱ་དངོས་གསར་པ་དང་གནས་ཚུལ་གསར་པ་བགྲང་གིས་མི་ལངས་པས། དེ་དག་ཚང་མ་གསར་འགྱུར་གྱི་སྨྱན་སྦྱོར་ལམ་ནས་ཁྱབ་སྤེལ་བྱེད་ཁག་པོ་རེད། གསར་འགྱུར་ལས་དོན་པས་གསར་འགྱུར་གྱི་དོན་དངོས་དང་དྲང་བདེན་གྱི་བླ་སྲོག་གཙིགས་སུ་བཟུང་ནས་མི་དམངས་ཀྱིས་ཤེས་འདོད་ཡོད་པ་དང་མང་ཚོགས་ཀྱི་ཆ་འཕྲིན་གྱི་དགོས་མཁོ་དང་མཐུན་པའི་ནང་དོན་གདམ་སྒྲུག་ཡག་པོ་བྱས་ཏེ། གསར་འགྱུར་གྱི་ཁུངས་སྣེ་འཚོལ་མཁས་པོ་དགོས་ལ། དེ་དག་དུས་ཐོག་ཏུ་བརྒྱུད་སྒྲོག་བྱེད་རྒྱུ་གལ་ཆེ། གཞན་ཡང་། རྩོམ་གྱི་ལེགས་ཉེས་ནི་གསར་འགོད་པའི་གསར་འགྱུར་གྱི་རྩོམ་འབྲིའི་ནུས་པ་དང་། གསར་གཏོད་རང་བཞིན། བསམ་གཞིག་བྱེད་ཕྱོགས་དང་འབྲེལ་བ་ཡོད། དེ་ཡང་གསར་འགྱུར་གྱི་ཚོར་བ་རྣོན་པོ་ཅི་ལྟར་སྐྱེད་སྲིང་བྱེད་པའི་ཕྱོགས་ལ། 《གསར་འགྱུར་བཅར་འདྲི་དང་རྩོམ་འབྲི་རིག་པའི་སྒོ་འབྱེད》དུ། “ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས་པ་དང་། འཚོ་བ་དངོས་ལ་ཟབ་ཞུགས་བྱེད་དགོས་པ། ཁྱོན་ཡོངས་དང་དཔེ་མཚོན་གཉིས་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། སྣ་མང་ཤེས་བྱར་ཐོས་བསམ་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་བཅས་ཕྱོགས་བཞིའི་ཐད་ནས་ཕྱོགས་སྡོམ་བྱས་འདུག དེས་ན་གསར་འགོད་པར་ཚད་མཐོའི་གསར་འགྱུར་གྱི་ཚོར་བ་རྣོན་པོ་ཞིག་མེད་ན་གསར་འགོད་པ་ཚད་ལྡན་ཞིག་བྱེད་མི་ཐུབ་པས། རྒྱ་ཆེའི་གསར་འགྱུར་ལས་དོན་པས་གནས་ཚུལ་མི་འདྲ་བར་ཕྱོགས་དང་ཟུར་མི་འདྲ་བ་མང་པོའི་སྒོ་ནས་བསམ་གཞིག་བྱེད་མཁས་ན། ད་གཟོད་གསར་འགྱུར་གྱི་ནང་དོན་ཆ་ཚང་ཞིང་གནད་ལ་འཁེལ་བ། རིན་ཐང་ལྡན་པ་ཞིག་ཡོང་ངེས་རེད།
སྨྱན་སྦྱོར་མཉམ་འདྲེས་ལ་ངོས་འཛིན་ཡང་དག་དགོས།
སྤྱིར་སྨྱན་སྦྱོར་ཞེས་པར་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་དོན་འཇོག་ཚུལ་མི་འདྲ་བ་གཉིས་ཡོད་ཀྱང་། སྒྲ་ཡངས་འཇུག་གི་སྨྱན་སྦྱོར་ཟེར་བ་ནི་བྱ་དངོས་མི་འདྲ་བ་རྣམས་ཕན་ཚུན་འབྲེལ་མཐུད་བྱེད་ཐུབ་པའི་བར་གྱི་བྱ་དངོས་ཤིག་ལ་བརྗོད་པ་ཡིན། མཉམ་འདྲེས་ཞེས་པ་འདི་ཐོག་མར་ཚན་རིག་གི་ཁྱབ་ཁོངས་སུ་ཐོན་ཞིང་། 1970ལོའི་ལོ་མཇུག་ཙམ་ལ་གཞི་ནས་གསར་འགྱུར་ཆེད་ལས་ཀྱི་ཁྱབ་ཁོངས་སུ་སྤྱད་པ་ཞིག་རེད། སྨྱན་སྦྱོར་མཉམ་འདྲེས་ཞེས་པ་ནི་ལག་རྩལ་སྣ་ཚོགས་དང་སྨྱན་སྦྱོར་སྣ་ཚོགས་གཅིག་ཏུ་བསྡུས་པར་གོ་ལ། ཡང་དེ་ནི་སྨྱན་སྦྱོར་སྣ་ཚོགས་ཀྱི་ནུས་པ་གཅིག་སྡུད་ཅན་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེར་ཡང་གོ དེ་ལ་ཆ་འཕྲིན་ཁྱབ་སྤེལ་དང་གཏོང་ལེན་བྱེད་སྤྱད་ཀྱི་དངོས་པོའམ་མ་ལག་ཚང་མ་འདུས་ཤིང་། དེ་ནི་གཅིག་སྡུད་མཉམ་འདྲེས་ཀྱི་འཕེལ་ཕྱོགས་གསར་པ་ཞིག་ཡིན།
སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་སྐབས་སུ་དྲ་བའི་ལག་རྩལ་དང་ཆ་འཕྲིན་གྱི་ལག་རྩལ་ལ་བརྟེན་ནས། གསར་འགྱུར་བརྒྱུད་སྤེལ་བྱེད་པར་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་འཛམ་གླིང་གི་དོན་ཆེན་ཏེ་ཆེ་བ་རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར་དང་ཆུང་བ་རང་གི་ཉེ་འཁོར་གྱི་གནས་ཚུལ་རྩག་རྩིག་ཚང་མ་དྲ་ལམ་བརྒྱུད་དེ་དུས་ཚོད་སྐར་ཆ་ཙམ་གྱི་ནང་དུ་ཤེས་ཐུབ་ཀྱི་ཡོད་པ་རེད། སྔོན་ལྟར་དུས་ཚོད་དང་རྒྱུ་ནུས་མང་པོ་སྤྱོད་དགོས་མེད་པར་དྲ་ལམ་བརྒྱུད་དོན་དངོས་གནས་ཚུལ་དེ་བརྙན་དང་པར་སོགས་བརྒྱུད་ནས་བརྒྱུད་སྤེལ་བྱེད་ཀྱི་ཡོད། དེ་ལ་དུས་ཚོད་ཀྱི་ཆ་ནས་མགྱོགས་ཤིང་མྱུར་བའི་ཁྱད་ཆོས་ལྡན་པ་དང་། དོན་དངོས་དྲང་བདེན་གྱི་ཆ་ནས་དམངས་ཀྱི་འདོད་བློ་དང་མཐུན་ཞིང་གསར་འགྱུར་ཁྱབ་སྤེལ་གྱི་དགོས་མཁོ་དང་ཡང་མཐུན་གྱི་ཡོད།
སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་ཕྱོགས་ལ་བསམ་གཞིག་བྱེད་དགོས།
དེང་དུས་ཀྱི་གསར་འགོད་པ་ཞིག་ཡིན་ཕྱིན་སྨྱན་སྦྱོར་མཉམ་འདྲེས་ལ་གདོང་གཏད་ནས་ཆ་འཕྲིན་སྡེབ་སྒྲིག་ལ་བྱང་ཆ་ངེས་ཅན་ལྡན་དགོས། ཚགས་པར་དང་ཤོག་ཐོག་གི་གསར་འགྱུར་ཁྱབ་སྤེལ་བྱེད་སྟངས་བལྟོས་བཅས་ཀྱིས་ཅུང་དལ་ཡང་། ད་སྐབས་དྲ་བའི་གསར་འགྱུར་ཁྱབ་སྤེལ་བྱེད་སྟངས་དེ་དར་ཁྱབ་ཆེ་ཞིང་དུས་ཚོད་ཀྱི་ཆ་ནས་མགྱོགས་པོ་ཡོད་སྟབས། རྒྱ་ཆེའི་མང་ཚོགས་ཀྱི་ཆ་འཕྲིན་གྱི་དགོས་མཁོ་དུས་ལྟར་སྐོང་ཐུབ་ཀྱིན་ཡོད་པས། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེས་ན་གསར་འགོད་པས་དུས་དང་བསྟུན་ནས་སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཉེར་སྤྱོད་ཀྱི་ལག་རྩལ་གསར་པ་རྒྱ་ཁྱབ་བཀོལ་བ། སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་བྱེད་ཐབས་ལ་ནང་བྱན་ཆུད་པ་བྱས་ཏེ། ཆ་འཕྲིན་ཁྱབ་སྤེལ་དང་སྡེབ་སྒྲིག་ལེགས་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
ང་ཚོས་དྲ་རྒྱའི་བདེ་འཇགས་ལ་ཡིད་གཟབ་ནན་པོ་བྱས་ཏེ། དྭངས་གཙང་གི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་པ་དང་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཞིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐུན་པའི་དྲ་རྒྱ་བཀོལ་སྤྱོད་བྱེད་དགོས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན་པས། བདེ་འཇགས་དང་འཕེལ་རྒྱས་གཉིས་དུས་གཅིག་ཏུ་སྐུལ་འདེད་གཏོང་དགོས་པའི་དགོངས་དོན་གཞིར་བཟུང་སྟེ། དྲ་རྒྱའི་བཞུར་ཚད་ཀྱི་དུས་རབས་འདིར་མི་དམངས་མང་ཚོགས་ཀྱི་འདུ་ཤེས་གཅིག་གྱུར་ཡོང་བ་བྱ་རྒྱུའི་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་འགན་ནི་གསར་འགོད་པའི་ཕྲག་པར་བབས་ཡོད་པ་ཤེས་དགོས་སོ།
(བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2021ལོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་འཛིན་གྲྭའི་མགོན་པོ་འཚོས)