དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་བོད་ཡིག་དགེ་རྒན་གྱི་སློབ་ཁྲིད་ཉམས་མྱོང་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-14

    དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་པ་ཡིན་ཞེས་པ་ལྟར། དགེ་རྒན་ཞིག་གི་ངོས་ནས། སློབ་མར་ཤེས་བྱ་སྣ་ཚོགས་བུམ་པ་གང་བྱོའི་ཚུལ་གྱིས་དམར་ཁྲིད་བྱེད་དགོས་པར་མ་ཟད། སློབ་མའི་རྒྱུད་ལ་རང་གཤིས་བཟང་པོ་ཞིག་དང་། སྤྱོད་ལམ་རྣལ་མ་ཞིག་འཇགས་ཐུབ་ཆེད་མཛུབ་ཁྲིད་ཡང་དག་བྱས་ཏེ། ཁོ་ཚོར་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་ཞིག་སྐྱེད་སྲིང་ཐུབ་པར་བྱེད་པའང་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་རེད། ལྷག་པར་དུ་སློབ་ཆུང་གི་སློབ་མ་ཞིག་ལ་མཚོན་ན། སློབ་གྲྭ་ནི་ཤེས་བྱའི་དགའ་ཚལ་དུ་ཤེས་རིག་གི་ཟེའུ་འབྲུ་ཐོག་མར་འཐུ་སའི་གནས་ཁྱད་པར་ཅན་ཞིག་ཡིན་པས། ང་ཚོས་བྱིས་པའི་སེམས་ཁམས་དང་འཚར་ལོངས་ཀྱི་བརྒྱུད་རིམ་ལ་གཞིགས་ནས་དེ་ལ་དེ་བསྟུན་གྱི་སློབ་ཁྲིད་ཀྱི་ཐབས་ལམ་སྤྱོད་པ་ནི་གནད་དམ་པའོ།

    གཅིག རང་འཁྲིའི་ལས་ཀར་དགའ་ཞེན་ཡོད་དགོས་པ།

    སློབ་ཆུང་གི་སློབ་མ་རྣམས་ལ་མཚོན་ན། སློབ་གྲྭ་ནི་ཁྱིམ་ཚང་ཕུད་པའི་སློབ་གསོ་མྱོང་སའི་གནས་གཙོ་བོ་ཞིག་ཡིན་ཞིང་། དེ་གར་ལོ་ཚོད་དང་། ཤེས་རྒྱ། དགའ་ཕྱོགས་མི་གཅིག་པའི་མི་མང་པོ་འདུས་ཡོད་པས། སློབ་གྲྭར་ཞུགས་མ་ཐག་པའི་སློབ་ཆུང་གི་སློབ་མ་ཆུང་ཆུང་ཞིག་ལ་མཚོན་ན། དུས་ཐུང་ནང་སློབ་གྲྭའི་འཚོ་བར་གོམས་མི་སྲིད་ལ། སུའི་ཆེད་དུ་སློབ་སྦྱོང་བྱེད་མིན་དང་། སློབ་སྦྱོང་བྱེད་དོན་གང་ཡིན་གསལ་པོ་ཤེས་ཀྱི་མེད་སྟབས། ང་ཚོ་དགེ་རྒན་གྱིས་ཕྲུ་གུ་རྣམས་རང་གི་ཕྲུ་གུར་བརྩིས་ནས་བྱམས་དང་བརྩེ་བས་བསྐྱངས་ཏེ། ཁོ་ཚོར་སློབ་གྲྭའི་དྲོ་སྐྱིད་ཚོར་དུ་འཇུག་དགོས། ཕྲུ་གུ་ཚོས་སློབ་གྲྭའི་དྲོ་སྐྱིད་ཚོར་ན། ད་གཟོད་རང་འགུལ་ངང་སློབ་གྲྭར་ཡོང་འདོད་སྐྱེ་ལ། དགེ་རྒན་དང་སློབ་མའི་བར་ཐག་དེའང་རང་བཞིན་གྱིས་ཐུང་དུ་སོང་སྟེ། སློབ་མས་ཅི་ཞིག་བསམ་པའམ། ཅི་ཞིག་བྱེད་འདོད་པ། ཡང་ན་ལན་འདེབས་དཀའ་བའི་གནད་དོན་རེ་ཕྲད་ཚེ། རང་འགུལ་ངང་དགེ་རྒན་བཙལ་ནས་དགེ་རྒན་ལ་རང་གི་རྗོད་འདོད་པའི་སྐད་ཆ་གང་ཡོད་སྦ་གསང་མེད་པར་སྨྲ་ངེས་པས། དགེ་རྒན་གྱིས་ད་གཟོད་སློབ་མ་སོ་སོའི་རང་གཤིས་ལ་རྒྱུས་མངའ་ལོན་ཐུབ་པ་མ་ཟད། སློབ་མའི་སེམས་ཀྱི་འཁྱེར་སོ་དང་། དགའ་ཕྱོགས། ཁམས་དང་མོས་པར་བསྟུན་ནས་སློབ་ཁྲིད་ཀྱི་ཐབས་ལམ་སྤྱད་ཆོག དེས་མ་གཏོགས་དགེ་རྒན་གྱིས་ཤོད་རྐྱང་དང་འཁྲིད་རྐྱང་བྱེད་པ་ལས། སློབ་མར་རྒྱུས་མངའ་མ་ལོན་ཚེ། སློབ་མའི་ཡིད་ཀྱི་ཞིང་ས་ནས་ཤེས་རིག་གི་མྱུ་གུ་འབུས་པར་རེ་བ་ནི་སྤྲོས་བྲལ་རེད།

    བྱས་ན་སློབ་མར་རྒྱུས་མངའ་ཇི་ལྟར་ལོན་དགོས་སམ་ཞེ་ན། དེའང་ཐོག་མར་དགེ་རྒན་གྱིས་རང་འཁྲིའི་ལས་ཀར་དགའ་ཞེན་དང་། རང་འཁྲིའི་ལས་ཀར་ལྷག་བསམ་རྣམ་དག་བྱེད་དགོས། མི་ཞིག་རང་འཁྲིའི་ལས་ཀར་དགའ་ཞེན་ཡོད་ཚེ། དེས་བྱ་གཞག་དེའི་སླད་དུ་དཀའ་བ་བརྒྱ་ཕྲག་ཁྱད་བསད་ཐུབ་ངེས་ཡིན་པས། བྱ་གཞག་གང་དེར་གྲུབ་འབྲས་ཀྱང་མི་དམན་པ་ཞིག་འཐོབ་པ་སྨོས་མ་དགོས། དཔེ་ཁྲིད་མི་སྐྱོང་གི་ལས་ཀར་ཞུགས་པའི་དགེ་རྒན་ཞིག་ལ་མཚོན་ན་ཡང་འདི་ལས་མ་འདས་ཏེ། རང་འཁྲིའི་ལས་ཀར་དགའ་ཞེན་དང་ལྷག་བསམ་ལྡན་ཚེ། དེས་སློབ་མར་བྱམས་སྐྱོང་དང་། སློབ་མའི་དགའ་ཕྱོགས་ལ་རྒྱུས་ལོན་ཐུབ་པར་མ་ཟད། རང་གི་གཤིས་སྤྱོད་ཀྱིས་སློབ་མར་རང་དཔེ་གཞན་སྟོན་ཐུབ་ངེས་པས། དེས་སློབ་མའི་དགའ་ཕྱོགས་སྐྱེད་སྲིང་དང་སློབ་མར་ཡང་དག་པའི་མི་ཚེའི་ལྟ་བ་འཛུགས་པར་མིག་དཔེ་བཟང་པོ་འདོན་ཐུབ་ངེས་རེད། དོན་དུའང་འདི་ལྟར་ཡིན་ཏེ། རང་འཁྲིའི་ལས་ཀར་དགའ་ཞེན་དང་། ཡ་རབས་གཞུང་དྲང་ལྡན་པ། ཡར་ཐོན་དང་འབད་འཐབ་ཀྱི་སྙིང་སྟོབས་མངའ་བ། དཀའ་ངལ་གདོང་གིས་བསུ་ཕོད་པ། ལེགས་སྐྱེས་འབུལ་བར་སྤྲོ་བའི་དགེ་རྒན་ཞིག་ཡིན་ཚེ། དེས་སློབ་མར་དཔེ་དེབ་ཀྱི་ཤེས་བྱ་ཁོ་ན་བརྒྱུད་སྤྲོད་བྱེད་པ་ཙམ་ག་ལ་ཡིན། དེ་ནི། གང་ཞིག་གསེར་གྱི་རི་ལ་གནས་བཅོལ་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་ལ་འགྱུར་ཞེས་པ་ལྟར་རོ།

    གཉིས། སློབ་མར་རང་གི་བུ་ཕྲུག་ལྟ་བུའི་འདུ་ཤེས་འཛིན་དགོས་པ།

    གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་པ་འདི་ནི་ང་ཚོ་དགེ་རྒན་ཚོར་སྟོན་པའི་ཚད་གཞི་ནན་པོ་ཞིག་དང་གདམས་ངག་ཟབ་མོ་ཞིག་ཀྱང་རེད། ནམ་རྒྱུན་ང་ཚོས་དགེ་རྒན་ནི་ཕྲུ་གུའི་ཕ་མ་གཉིས་པ་རེད་ཅེས་རྗོད་ཀྱི་ཡོད། དེའང་རྒྱུ་མཚན་ཡོད་པའི་སྐད་ཆ་ཞིག་ཡིན་ཏེ། ཁྱིམ་ཚང་དུ་ཕ་མ་གཉིས་པོས་ཕྲུ་གུའི་སློབ་སྦྱོང་དང་། འཚོ་བ། སྤྱོད་ལམ་སོགས་གང་ས་ཅི་ཐད་ལ་ལྟ་རྟོག་བྱེད་དགོས་པ་བཞིན། ཕྲུ་གུ་རྣམས་སློབ་གྲྭར་འབྱོར་རྗེས། སློབ་ཆུང་གི་དགེ་རྒན་ཚོས་ཕ་མའི་ཚབ་བྱས་ཏེ་སློབ་མའི་གང་ས་ཅི་ཐད་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད། དེའང་ཁོ་ཚོར་སློབ་ཁྲིད་བྱེད་པ་ཙམ་མིན་པར། སློབ་མར་རང་གི་བུ་ཕྲུག་ལྟ་བུའི་འདུ་ཤེས་བཟུང་ནས་བྱམས་སྐྱོང་དང་། རང་ཉིད་ཀྱི་སྤྱོད་ཚུལ་གཙང་མ་དང་ལྷག་བསམ་དག་པོས་སློབ་མའི་རྒྱུད་ལ་མི་གཤིས་བཟང་པོའི་བག་ཆགས་འཇོག་དགོས།

    དགེ་རྒན་ཞིག་གི་ངོས་ནས་བཤད་ན། སྦྱངས་འབྲས་བཟང་པོ་ཞིག་འཐོབ་པའི་ཐབས་ལམ་གལ་ཆེན་ཞིག་ནི་སློབ་ཕྲུག་བརྩེ་བས་སྐྱོང་དགོས་པ་འདི་རེད། བོད་ཀྱི་གཏམ་དཔེར་ཡང་། བྱམས་སྡང་བྱིས་པའི་བློ་དང་ཁ་མངར་ལྐུགས་པའི་སེམས་ཞེས་པ་ལྟར། བྱམས་བརྩེ་ལས་འཁྲུངས་པའི་ཤེས་རབ་ནི་འགྲན་ཟླ་བྲལ་བ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་དགོས། ལྷག་པར་དུ། དགེ་རྒན་དང་སློབ་ཕྲུག་གི་བར་ལ་ཕན་ཚུན་སེམས་གཏམ་ཤོད་རེས་མང་ཙམ་བྱེད་དགོས་པ་ལས་སློབ་ཕྲུག་ལ་སུན་སྣང་དང་ཁྱད་གསོད་བྱེད་མི་ཉན། སློབ་ཕྲུག་ལ་ཡིད་ཆེས་དང་བསྔགས་བརྗོད་མང་ཙམ་བྱེད་པ་ལས་མཐོང་ཆུང་དང་དམའ་འབེབས་བྱེད་མི་ཉན། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱས་ན། སློབ་ཕྲུག་གིས་རང་ཉིད་ལ་དགའ་ཞེན་བྱ་སྲིད་ལ། སློབ་མས་རང་ཉིད་མིག་དཔེར་འཛིན་ངེས་པས། ཡུན་རིང་སྤོས་ཀྱི་འགྲམ་དུ་བཞག་པའི་རྡོ་ལ་སྤོས་ཀྱི་དྲི་མ་འགོས་པ་ལྟར། ནམ་ཞིག་གི་ཚེ་ན། དགེ་རྒན་གྱི་གཤིས་བཟང་རང་བཞིན་གྱིས་སློབ་མར་འཇགས་ཏེ། སློབ་མར་ཤེས་ཡོན་སྦྱོང་འདོད་ཀྱི་བློ་སྐྱེ་ཡི་རེད། དེར་བརྟེན་དགེ་རྒན་གྱིས་རྒྱུན་དུ་སློབ་མར་ཉན་སྤྲོ་བའི་སྐད་ཆ་ཤོད་མཁས་པོ་དགོས་ལ། སྐད་ཆ་ཤོད་སྐབས་ཀྱང་སློབ་མའི་ཁྱད་ཆོས་ལ་གཞིགས་ནས་ཤོད་ཐུབ་པ་དགོས་སྙམ། མདོར་ན། སློབ་ཕྲུག་རྣམས་ལ་རང་གི་ཤ་ནས་ཆད་པའི་བུའི་འདུ་ཤེས་ཀྱིས་བྱ་མོས་སྒོ་ང་སྐྱོང་བ་ལྟར་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོ་བྱེད་དགོས་པ་ནི་གནད་ཀྱི་དམ་པར་མཐོང་།

    གསུམ། སློབ་མར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་ཐུབ་པར་བྱེད་དགོས།

    སློབ་གསོ་མཁས་ཅན་ཝུའུ་ཧྲེན་སི་ཅིས། “གོམས་གཤིས་བཟང་པོ་ནི་མིས་རང་ཉིད་ཀྱི་དབང་རྩའི་མ་ལག་ཁྲོད་དུ་བཅོལ་བའི་ཀུན་སྤྱོད་ཀྱི་མ་རྩ་ཡིན་ཞིང་། མ་རྩ་དེ་རྒྱུན་ཆད་མེད་པར་འཕར་སྣོན་ཡོང་ཐུབ་པས། ད་གཟོད་མིས་མི་ཚེ་གཅིག་གི་རིང་མ་རྩ་དེའི་སྐྱེད་ཀ་ལོངས་སུ་སྤྱད་ཆོག”ཅེས་པ་ལྟར། སློབ་མར་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཞིག་འཇགས་ཚེ། སློབ་མའི་ཤེས་རྒྱ་དང་མཐོང་རྒྱ་སྐྱེད་ནུས་ལ། ང་ཚོའི་སློབ་ཁྲིད་ཀྱི་བྱ་བའང་བདེ་བླག་ངང་སྒྲུབ་ངེས་རེད། དེས་ན། ལྕང་གསར་གཞོན་དུས་འདྲོང་ན་འདྲོང་པ་དགའ་ཞེས་པ་ལྟར། ང་ཚོས་སློབ་གསོའི་བློ་འབྱེད་ཀྱི་དུས་རིམ་གཙིགས་སུ་བཟུང་ནས་སློབ་མར་སློབ་སྦྱོང་གི་གོམས་གཤིས་འཇགས་པར་བྱས་ཏེ། དགེ་རྒན་གྱིས་བཙན་གྱིས་སྐུལ་བ་མ་ཡིན་པར་སློབ་མས་རང་འགུལ་ངང་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། དེའང་གུས་མོ་ལྟ་བུའི་སློབ་ཆུང་གི་བོད་ཡིག་དགེ་རྒན་ཞིག་ལ་མཚོན་ན། རིག་གནས་སྦྱོང་བར་ཀློག་སྦྱོང་ནི་ཤིན་ཏུ་གལ་ཆེ་བས། གུས་མོས་གཟའ་འཁོར་རེར་ལྟ་ཀློག་གི་དུས་ཚོད་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་ཏེ། སློབ་ཕྲུག་རང་ཉིད་ཀྱིས་དགའ་བའི་སྒྲུང་དེབ་སོགས་ཀློག་སྦྱོང་བྱེད་དུ་བཅུག་ནས། སློབ་མས་རང་འགུལ་གྱིས་དཔེ་དེབ་ལ་ལྟ་བའི་གོམས་གཤིས་གསོ་བ་དང་། འབྲི་སྦྱོང་གི་ཐད་ལ་ཉིན་རེར་མིང་དང་ཚིག་གཙོ་བོར་བྱས་པའི་ལེགས་བཤད་དང་གཏམ་དཔེ་སོགས་དཔོད་བྲིས་རྒྱུན་མི་ཆད་པར་གཏོང་བ། ཉིན་རེའི་སྦྱོང་ཚན་ཕུད། སློབ་ཕྲུག་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སྦྱོང་གཞི་གཞན་བཀོད་སྒྲིག་བྱས་ཏེ་ལེགས་སྒྲུབ་བྱས་པ་རྣམས་རང་ཉིད་ཀྱིས་བཅོས་རྒྱག་པ་དང་ཟུར་ཁྲིད་བྱེད་ཀྱི་ཡོད། ཡིག་རྒྱུགས་ཀྱི་ཐད་དགེ་རྒན་གྱིས་བཟོས་པའི་དམིགས་ཚད་མ་གྲུབ་ན་ཟུར་ཁྲིད་བྱེད་པ་དང་ཡིག་རྒྱུགས་ཡང་བསྐྱར་བཏང་ནས་ཕྲུ་གུར་ཡིག་ཚད་ཅི་ཞིག་བཏང་ཡང་སེམས་རྣལ་དུ་འབེབས་ཐུབ་པ་དང་ཡིད་ཆེས་ཆེན་པོས་ཡིག་རྒྱུགས་ལ་ཞུགས་དགོས་པའི་སྐུལ་མ་གཏོང་བཞིན་ཡོད།

    ལྔ། སློབ་ཕྲུག་གི་ལེགས་ཆ་མཐོང་བ་དང་སྐུལ་ལྕག་མང་ཙམ་བྱེད་དགོས།

    སློབ་ཕྲུག་ལ་ཡག་ཉེས་ཀྱི་དབྱེ་བ་མེད་པས་དགེ་རྒན་གྱིས་བྱ་ཐབས་འཚམ་པོ་ཞིག་སྤྱོད་ཤེས་ན། ཚང་མ་ཡ་རབས་ཤ་སྟག་རེད། སློབ་ཕྲུག་མི་རེ་ངོ་རེར་རང་རང་སོ་སོའི་ཁྱད་ཆོས་རེ་རེ་ལྡན་ཡོད་པས། ང་ཚོས་ཁོ་ཚོའི་དགེ་མཚན་དང་ལེགས་ཆ་འཛིན་ཐུབ་པར་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ། དཔེར་ན། རྩོམ་ཡིག་ཅིག་འབྲི་དགོས་ཚེ། རྒྱུན་གཏན་ཡིག་རྒྱུགས་ཀྱི་སྐར་གྲངས་ཅུང་དམའ་བའི་སློབ་ཕྲུག་ཅིག་ཡིན་ནའང་དེས་རྩོམ་ཡིག་ཡག་པོ་འབྲི་མི་ཐུབ་པའི་ངེས་པ་མེད་དེ། ཁོ་ལ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་བྱ་དངོས་ལ་ལྟ་ཞིབ་བྱེད་སྟངས་གཞན་དང་མི་འདྲ་བ་ཡོད་སྲིད་པས། རྩོམ་ཡིག་ཕུལ་དུ་བྱུང་བ་འབྲི་མཁན་དེ་འདྲ་ཡང་ཡོད། ང་ཚོས་དེ་ལྟ་བུའི་དགེ་མཚན་གཞན་པ་ཡོད་མཁན་ཚོ་ལའང་དོ་སྣང་བྱས་ནས། དགེ་མཚན་དེ་ལྐུལ་ལྕག་གཏོང་བའི་རྒྱུ་ཞིག་ལ་བརྩིས་ཏེ་གསོ་སྐྱོང་བྱས་ན། སློབ་ཕྲུག་དེ་རིགས་ཀྱིས་རང་ལ་ཡིད་ཆེས་དང་སེམས་ཤུགས་སྐྱེས་ནས་སློབ་སྦྱོང་གི་སྦྱངས་འབྲས་ཉིན་བཞིན་ཡག་ཏུ་འགྲོ་ངེས་རེད། དེར་བརྟེན། སློབ་མ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་དུ། ཁོ་ཚོར་སྐུལ་ལྕག་དང་ཁོ་ཚོའི་ལེགས་ཆ་མཐོང་བར་བྱེད་པའང་གལ་ཆེན་ཞིག་ཏུ་མཐོང་།

    (ལྷ་ས་ཧའེ་ཁྲེང་སློབ་ཆུང་བོད་ཡིག་ཚོགས་ཆུང་གི་མིག་དམར་བུ་ཁྲིད)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།