སྐྱིད་གྲོང་འགག་སྒོའི་སྤྱི་པའི་འཕྲོད་བསྟེན་ལྟེ་བའི་ནུས་པའི་དཔྱད་ཞིབ་ཚད་གཞི་ལོན་པ།
གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་སྐྱིད་གྲོང་འགག་སྒོར་འགག་སྒོ་སྤྱི་ཁྱབ་ཧྲུའི་འགག་སྒོའི་སྤྱི་པའི་འཕྲོད་བསྟེན་ལྟེ་བའི་ནུས་པའི་དཔྱད་ཞིབ་ཚད་གཞི་ལོན་ནས། འགག་སྒོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། རྒྱལ་མཚམས་སྒྲོལ་བའི་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འགག་སྒོའི་སྤྱི་པའི་འཕྲོད་བསྟེན་ལྟེ་བའི་ནུས་པ་འཛུགས་སྐྱོང་བྱ་རྒྱུ་ནི《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག(2005ལོའི)》ནང་བཏོན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་གིས་འགག་སྒོའི་སྒོ་དབྱེ་ཆོག་པའི་གཞི་རྩའི་བླང་བྱ་ཞིག་རེད། འགག་སྒོའི་སྤྱི་པའི་འཕྲོད་བསྟེན་ལྟེ་བའི་ནུས་པ་མུ་མཐུད་བརྟན་དུ་དང་ཆེ་རུ་གཏོང་རྒྱུ་ནི《“བདེ་ཐང་ཀྲུང་གོ་2030ལོའི”འཆར་འགོད་རྩ་གནད》ནང་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“འགག་སྒོའི་ནད་ཡམས་ཞིབ་བཤེར་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཀྱང་རེད།