སློབ་མ་གསོ་སྐྱོང་ལས་བྱང་ཚད་སློབ་གསོའི་གལ་ཆེའི་རང་བཞིན་རགས་ཙམ་གླེང་བ།
བྱང་ཚད་སློབ་གསོ་ནི་སློབ་གསོ་མྱོང་མཁན་གྱི་ཀུན་སྤྱོད་དང་། བསམ་བློ། ངལ་རྩོལ། ལག་རྩལ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སློབ་གསོའི་བརྒྱུད་རིམ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་དམངས་ཀྱི་བྱང་ཚད་གོང་མཐོར་གཏོང་བ་འདི་རེད། བྱང་ཚད་སློབ་གསོའི་དམིགས་ཡུལ་ཁ་གསལ་ཡིན་པས། བྱང་ཚད་སློབ་གཉེར་གྱི་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱེད་པ་ནི་དགེ་རྒན་གྱིས་ངེས་པར་དུ་སྒྲུབ་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་གྱུར་ཡོད། འོན་ཀྱང་དེང་གི་དུས་སུ་དགེ་རྒན་མི་ཉུང་བ་ཞིག་གིས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ཁོ་ན་གཙིགས་སུ་འཛིན་པ་ལས་སློབ་མའི་བྱང་ཚད་སློབ་གསོར་སྣང་ཆེན་དེ་ཙམ་བྱེད་ཀྱི་མེད་ལ། བྱང་ཚད་སློབ་གསོ་ཟེར་བའི་ཐ་སྙད་ལའང་ངོས་འཛིན་གསལ་པོ་ཐུབ་མཁན་ཧ་ཅང་ཉུང་། ཁོ་བོས་ལྟར་ན། བྱང་ཚད་སློབ་གསོ་སློབ་གསོའི་བརྒྱུད་རིམ་ནང་གི་བླ་སྲོག་ལྟ་བུར་ངོས་འཛིན་དགོས་པ་དང་དགེ་རྒན་རང་ངོས་ཀྱི་འཕེལ་རྒྱས་ལ་རེ་བ་ནན་པོ་འདོན་དགོས་པ་མ་ཟད། སློབ་གསོ་སློབ་ཁྲིད་བྱེད་ཐབས་ལའང་སྒྱུར་བཅོས་བྱས་ནས་སློབ་མའི་སློབ་སྦྱོང་གི་ཁུར་པོ་དང་སེམས་ཁམས་ཀྱི་ཁུར་པོ་ཡང་དུ་བཏང་སྟེ། སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་དགོས།
དེ་ཡང་བྱང་ཚད་སློབ་གསོའི་སློབ་གཉེར་བྱེད་ཐབས་གསར་པ་ཇི་ལྟར་གཏོད་དགོས་ཤེ་ན། གཅིག་ནས་དེ་སྔ་རྒྱུན་འབྱམས་སུ་སོང་བའི་སློབ་ཁྲིད་བྱེད་སྟངས་རྙིང་པ་དང་བྱ་ཐབས་རྙིང་པ་དག་འདོར་བ་དང་། དགེ་རྒན་རང་ངོས་ཀྱི་བསམ་བློར་བཅིངས་འགྲོལ་བཏང་ནས་བྱེད་ཕོད་པ་དང་བསམ་ཕོད་པའི་གསར་གཏོད་ཀྱི་ལམ་བུ་ཞིག་གཏོད་པ། གསོན་ཉམས་ལྡན་པའི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་སློབ་མའི་བྱང་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་དམིགས་དགོས། གཉིས་ནས་སློབ་ཁྲིད་སྐབས་དགེ་རྒན་གྱིས་སློབ་ཚན་གྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་རྗེས། ལས་སླ་བའི་སྦྱང་གཞིའི་དྲི་བ་ཁག་ལ་དྲིས་ལན་གཅིག་གྱུར་བཟོ་བའི་ཁྲིད་ཐབས་ལ་སྒྱུར་བཅོས་བྱས་ནས། སློབ་མ་རང་ཉིད་ལ་བསམ་བློ་གཏོང་དུ་འཇུག་པའམ་རང་ཉིད་ཀྱི་བསམ་ཚུལ་རྗོད་དུ་འཇུག་དགོས། སློབ་མ་སོ་སོས་རང་རྐྱ་འཕེར་བའི་སྒོ་ནས་ལན་འདེབས་ཐུབ་ན། སློབ་མའི་བསམ་གཞིག་གི་ནུས་པར་སྦྱོང་བརྡར་ཐེབས་པ་མ་ཟད་སློབ་མའི་བློ་སྒོ་ཡང་འབྱེད་ནུས། གཞན་ཡང་སློབ་མ་ཕན་ཚུན་གྲོས་བསྡུར་བྱེད་དུ་བཅུག་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁོ་ཚོའི་བློ་རྒྱ་སྐྱེད་ཐབས་བྱེད་དགོས། གསུམ་ནས་སློབ་ཚན་ཚོགས་ཐེངས་གཅིག་ནང་གི་འཁྲིད་བྱའི་ནང་དོན་ལ་གཅིག་མཐོང་གཅིག་དྲན་དང་། གཅིག་ཤེས་ཀུན་གྲོལ་གྱི་བློ་སྒོ་འབྱེད་པའི་ཁྲིད་ཐབས་སྤྱད་དེ། དེབ་ཁང་དང་། ཀུན་སྤྱོད་ཁང་། རང་བྱུང་རྒྱུན་ཤེས་ཀྱི་ཚོད་ལྟ་ཁང་། ལག་ཤེས་ཁང་སོགས་བེད་སྤྱོད་གང་ལེགས་བྱས་ན་སློབ་ཕྲུག་ཚོའི་ལག་ཀླད་མཉམ་སྒུལ་གྱི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་ཐུབ་པ་མ་ཟད། སློབ་མའི་སྦྱོང་ཚན་དང་བསམ་བློའི་ཁུར་པོ་ཡང་དུ་གཏོང་ཐུབ། བཞི་ནས་སློབ་ཁང་ནང་གི་སློབ་ཁྲིད་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་འཚོ་བ་དངོས་ལ་བརྟག་ཞིབ་བྱེད་དུ་བཅུག་ན་སློབ་མས་སྤྱི་ཚོགས་ཀྱི་འཚོ་བར་རྒྱུས་མངའ་ལོན་པ་དང་རང་བྱུང་ཁམས་ལ་དགའ་ཞེན་སྐྱེ་ཐུབ་ལ། ཁོ་ཚོའི་མཐོང་རྒྱ་དང་ཐོས་རྒྱ་སོགས་ཆེ་རུ་ཕྱིན་ནས་འཇོན་ཐང་ཀུན་འཛོམས་ཀྱི་མི་ཞིག་ཏུ་གསོ་སྐྱོང་ཐུབ་ངེས་རེད། ལྔ་ནས་བརྙན་འཕྲིན་དང་དྲ་བ་སོགས་ལ་བརྟེན་ནས་སློབ་མ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྲིམས་ལུགས་ཤེས་བྱ་དང་རྒྱལ་ཕྱི་རྒྱལ་ནང་གི་དོན་ཆེན་དང་། གྲགས་ཅན་གྱི་ལོ་ཆུང་བྱིས་པའི་བྱས་རྗེས། ལོ་རྒྱུས་མི་སྣ། སྔོན་གཤེགས་དཔའ་བོའི་མཛད་རྗེས། སྔོན་ཐོན་སློབ་གྲྭ་དང་ཕུལ་བྱུང་གི་སློབ་ཕྲུག་སོགས་ཀྱི་བརྙན་ཐུང་ལྟ་བ་སོགས་བརྒྱུད་སློབ་མའི་ཆབ་སྲིད་ཀྱི་བསམ་བློ་དང་རྒྱལ་གཅེས་ཀྱི་སེམས་པ་སོགས་གསོ་སྐྱོང་གང་ལེགས་བྱེད་དགོས། དྲུག་ནས་སློབ་ཁང་དུ་རང་སྦྱོང་བྱེད་སྐབས་དགེ་སློབ་ཀྱི་དབྱེ་བ་མ་ཕྱེ་པར་དགེ་སློབ་ཕན་ཚུན་དྲི་བ་འདོན་རེས་དང་ལན་འདེབས་རེས་ཀྱི་སྦྱོང་བརྡར་བྱས་ཚེ་དགེ་སློབ་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་ཐུབ་ལ། སློབ་མའི་ངོ་ཚ་བྱེད་པའི་བསམ་པ་ཁྱད་བསད་ཐུབ་པ་མ་ཟད་སློབ་སྦྱོང་བྱེད་སེམས་ཀྱང་རང་ཤུགས་ཀྱིས་འཕེལ་ཐུབ། དེ་མིན་དགེ་རྒན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ནི་རང་སྦྱོང་གི་ནང་དོན་གཅིག་གྱུར་བཀོད་སྒྲིག་བྱེད་རྒྱུ་མེད། གང་ལགས་ཤེ་ན། སློབ་མའི་སྦྱང་བྱའི་ནང་དོན་གྱི་གཙོ་གནད་ཁོང་དུ་ཆུད་ཚད་དང་འཕྲད་པའི་དཀའ་གནད་གཅིག་པ་ཡིན་མི་སྲིད་པས། སློབ་མ་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་སྦྱོང་དུ་བཅུག་ན་འཛིན་གྲྭའི་ནང་སྦྱངས་འབྲས་སྙོམས་པའི་དགེ་མཚན་ཐོན་ཐུབ། བདུན་ནས་སློབ་ཕྱིའི་བྱེད་སྒོ་བཀོད་སྒྲིག་འོས་འཚམ་བྱེད་དགོས། སློབ་མ་ལ་ལ་ཞབས་གཞས་ལ་སྤྲོ་བ་དང་། ལ་ལ་རྐང་རྩེད་སྤོ་ལོར་དགའ་བ། ཡང་ཉུང་ཤས་དཔེ་དེབ་ལྟ་བར་དགའ་པོ་ཡོད་པས། དགེ་རྒན་གྱིས་སློབ་མའི་དགའ་ཕྱོགས་གཞིར་བཟུང་སློབ་ཕྱིའི་བྱེད་སྒོ་བཀོད་སྒྲིག་འོས་འཚམ་བྱེད་དགོས་ཤིང་། དེ་ལྟར་ཐུབ་ཚེ་སློབ་མའི་ལུས་སེམས་བདེ་ཐང་ལ་ཕན་པ་ཆེ། བརྒྱད་ནས་སློབ་ཆུང་ནས་ངལ་རྩོལ་སློབ་ཚན་བཀོད་སྒྲིག་བྱེད་པ་ནི་སློབ་མ་ཚོ་ཆུང་དུས་ནས་ངལ་རྩོལ་ལ་དགའ་ཞེན་དང་རང་རྐྱ་འཕེར་བའི་ནུས་པ་གསོ་སྐྱོང་བྱེད་པའི་ཆེད་དུ་རེད། དེ་ཡང་ཞིང་འབྲོག་ཁུལ་དུ་དེ་བས་གལ་འགངས་ཆེ། བསླབ་གཞིའི་ནང་དུ་ཁྱིམ་ལས་དང་། སྤྱི་ཕན་ངལ་རྩོལ། སྟབས་བདེའི་ཐོན་སྐྱེད་བཅས་ཀྱི་ནང་དོན་བཀོད་ཡོད་པས་དགེ་རྒན་གྱིས་སློབ་མའི་གནས་ཚུལ་ལ་གཞིགས་ཏེ། ཁྲིད་ཐབས་སྤྱོད་དགོས། དེ་ཡང་སློབ་མ་ཚོར་དེང་རབས་ངལ་རྩོལ་གྱི་ཤེས་ཡོན་དང་ནུས་པ་སྐྱེད་སྲིང་དང་། སློབ་སྦྱོང་དང་ངལ་རྩོལ་གྱི་ཡང་དག་པའི་ལྟ་བ་འཛུགས་པ། ངལ་རྩོལ་མི་དམངས་ལ་དགའ་ཞེན། ངལ་རྩོལ་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པ་བཅས་བྱས་ཚེ། སློབ་མའི་ངལ་རྩོལ་གྱི་བྱང་ཚད་གོང་མཐོར་གཏོང་ཐུབ།
མདོར་ན་དགེ་རྒན་གྱིས་སློབ་མར་བྱང་ཚད་སློབ་གསོ་གཏོང་སྐབས། དུས་ཚིགས་དང་སློབ་མའི་ལོ་ནའི་ཁྱད་ཆོས་ལ་གཞིགས་ནས་རིག་གཞུང་སློབ་ཁྲིད་དང་སློབ་ཕྱིའི་བྱེད་སྒོ་ཟུང་འབྲེལ་བྱེད་དགོས། སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་གང་མང་བཏོན་ནས་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་བ་ནི་བྱང་ཚད་སློབ་གསོའི་དམིགས་ཡུལ་ཉག་གཅིག་ཡིན་པས་སློབ་གསོ་མྱོང་མཁན་རྣམས་སྒོ་ཀུན་ནས་འཕེལ་རྒྱས་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡིངས་སློབ་ཆུང་གི་ཡེ་ཤེས་རྡོ་རྗེ)