དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ལུས་ཁམས་འཕྲོད་སྦྱོར།
  • ཟ་མ་བཟས་ཚར་རྗེས་ལམ་སེང་འདི་འདྲ་བྱེད་རྒྱུ་མི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-06-06

    མི་མང་པོ་ཞིག་ལ་ཟ་མ་བཟས་རྗེས་འཕྲལ་མར་ཇ་འཐུང་བའམ་ཡང་ན་ཤིང་ཏོག་ཟ་བ་དང་། ཞོ་ལྡག་པ། ཐ་མག་འཐེན་པ་སོགས་ཀྱི་གོམས་གཤིས་འཇགས་ཡོད། གལ་ཏེ་གོམས་གཤིས་དེ་དག་འགྱུར་ལྡོག་མ་བཏང་ཚེ། ཁྱེད་ཀྱི་བདེ་ཐང་ལ་གནོད་པ་ཆེ་བས། འཚོ་བཅུད་ལྡན་པའི་ཟ་མ་ཅི་འདྲ་བཟས་ཀྱང་ཕན་ཐོགས་མི་སྲིད། 

    ཟ་མ་བཟས་རྗེས་འཕྲལ་མར་བྱེད་མི་རུང་བ་བདུན་ནི།

    གཅིག སྒུལ་སྐྱོད་བྱེད་མི་རུང་། 

    བཤད་སྲོལ་ལ་ཟ་མ་བཟས་རྗེས་སྒུལ་སྐྱོད་བྱེད། སྒུལ་སྐྱོད་བྱས་ན་ཚེ་ཐག་རིང་ཞེས་ཟེར་སྲོལ་ཡོད་ཀྱང་། དེ་ནི་ཟ་མ་བཟས་རྗེས་འཕྲལ་མར་སྒུལ་སྐྱོད་གཏོང་དགོས་མི་ཟེར་བར། ཟ་མ་བཟས་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་སྒུལ་སྐྱོད་བཏང་ན། ཟས་འཇུ་བདེ་བ་དང་། རྒྱགས་པ་མི་ཆགས་པ། གཉིད་ཡག་པོ་ཁུག་པ་སོགས་ལ་ཕན་ཐོགས་ཡོད་པར་ཟེར། 

    ཁྲག་ཤེད་མཐོ་བ་དང་རྩ་རེངས་པ་སོགས་ཀྱི་ནད་གཞི་ཡོད་པའི་རྒན་རྒོན་ཚོས་ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ལ། ཟ་མ་བཟས་རྗེས་འཕྲལ་མར་སྒུལ་སྐྱོད་བཏང་ན་སྙིང་ཁྲག་མི་འདང་བ་དང་། མགོ་ཡུ་འཁོར་བ། མིག་འཕྲུལ་བ། དབུགས་ཧལ་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། 

    གཉིས། ཐ་མག་འཐེན་མི་རུང་། 

    ཟ་མ་བཟས་རྗེས་ལུས་པོའི་ཁྲག་འཁོར་རྒྱུག་མགྱོགས་སུ་འགྲོ་བ་དང་། ཕོ་བར་འགུལ་སྐྱོད་མང་དུ་སོང་ནས་ཐ་མག་གི་ཉི་ཀུ་ཏིང་མྱུར་བར་ཁྲག་རྒྱུན་ནང་འདྲེས་ཏེ། ཐ་མག་འཐེན་མཁན་ཚོའི་ཐ་མག་འཐེན་འདོད་ཆེ་རུ་འགྲོ་བ་དང་ཆབས་ཅིག གཟུགས་པོར་གནོད་པའི་རྒྱུ་མང་དུ་འགྲོ་སྲིད་པས། ཁྱེད་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བ་ནི་ཨ་ཅང་བརྗོད་མེད་རེད། 

    གསུམ། ཇ་འཐུང་མི་རུང་། 

    གཉིད་མི་ཁུག་པ་དང་ཕོ་རྒྱུ་ཡག་པོ་མེད་མཁན་ཚོས་ཟ་མ་བཟས་རྗེས་འཕྲལ་མར་ཇ་འཐུང་རྒྱུ་མེད་ལ། ལྷག་པར་དུ་ཇ་གར་པོ་འཐུང་མི་རུང་། ཕོ་རྒྱུ་ཡག་པོ་ཡོད་མཁན་ཚོས་ཟ་མ་བཟས་རྗེས་ཇ་སླ་པོ་བཏུངས་ནའང་ཆོག གཞན་ཡང་ཟ་མ་བཟས་རྗེས་ཇ་སླ་པོའམ་ཆུས་ཁ་ཆུ་བཤལ་བཏང་ན་སོ་མི་རུལ་བར་ཕན་གྱི་ཡོད།

    བཞི། ཞོ་ལྡག་མི་རུང་། 

    ཟ་མ་བཟས་རྗེས་ཕོ་བའི་ཆུ་སྐྱུར་གྱི་ཚད་གཞི་0.9ནས་1.5བར་ཟིན་གྱི་ཡོད་པས། ཆུ་སྐྱུར་འདུས་པའི་ཁོངས་སུ་གཏོགས་ཀྱི་ཡོད། གལ་ཏེ་དེའི་སྐབས་ད་དུང་ཞོ་བལྡགས་ན། ཞོའི་བཅུད་ཆུ་སྐྱུར་གྱིས་བཀག་ནས་འཇུ་ཐུབ་ཀྱི་མེད། 

    ལྔ། ཤིང་ཏོག་བཟའ་མི་རུང་།

    མི་མང་པོ་ཞིག་ཟ་མ་བཟས་རྗེས་འཕྲལ་མར་ཤིང་ཏོག་བཟའ་རྒྱུར་དགའ་པོ་ཡོད། གོམས་གཤིས་འདི་ཡག་པོ་མ་རེད། གང་ལགས་ཤེ་ན། ཟས་རིགས་མང་པོ་ཞིག་དུས་གཅིག་ཏུ་འདྲེས་ན་ཕོ་བ་སྦོས་པ་དང་ཆུ་སྐྱུར་ལངས་པ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེར་བརྟེན། ཡག་ཤོས་བྱུང་ན་ཁ་ལག་བཟས་ནས་ཆུ་ཚོད་ཕྱེད་ཀའི་རྗེས་ལ་གཞི་ནས་ཤིང་ཏོག་བཟའ་བའམ་ཡང་ན་ལྟོ་དུས་གཉིས་ཀྱི་བར་ཏེ། ཞོགས་པའི་ཆུ་ཚོད་9པ་ནས་10པ་བར་དང་། ཕྱི་དྲོའི་ཆུ་ཚོད་3པ་ནས་4པའི་མཚམས་སུ་བཟས་ན་ལེགས།

    དྲུག ཟ་མ་བཟས་རྗེས་འཁྱག་ཟས་རིགས་བཟའ་མི་རུང་།

    ཞིབ་འཇུག་བྱས་པ་ལས་མངོན་པར། ཟ་མ་བཟས་རྗེས་ཁེ་100ཡས་མས་ཀྱི་འཁྱག་པ་བྱི་རིལ་བཟས་ན་ཕོ་བའི་དྲོད་ཚད་ཧྲི་ཧྲེ་ཏུའུ་10ནས་15བར་ཆག་སྟེ་ཕོ་བ་རུབ་ནས། ཟས་རིགས་འཇུ་ཁག་ཏུ་འགྲོ་སྲིད་པ་དང་འཚོ་བཅུད་བསྡུ་ལེན་ལ་གནོད་པ་མ་ཟད། ད་དུང་ཕོ་བ་སྦོས་པ་དང་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད།

    བདུན། གཟུགས་པོ་འཁྲུད་མི་རུང་། 

    ཟ་མ་བཟས་རྗེས་འཕྲལ་མར་གཟུགས་པོ་འཁྲུད་པའམ་ཡང་ན་རྐང་པ་ཆུར་སྦང་མི་རུང་། དེས་ཕོ་བའི་ཁྲག་རྒྱུན་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་ནས། ཕོ་རྒྱུའི་འཇུ་ནུས་སྐྱོ་རུ་ཕྱིན་ཏེ། ཟས་རིགས་འཇུ་ཁག་ཏུ་འགྲོ་སྲིད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།