ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་གྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ།
ལས་ཐོག་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། གཙང་སྦྲ་ལྡན་ལ་མཛེས་སྡུག་ལྡན་པ། སྐྱིད་སྣང་དོད་ལ་བདེ་ཐང་བཅས་ཀྱི་སྡེ་ཁུལ་ཁོར་ཡུག་ཅིག་གཏོད་ཆེད། མིག་སྔར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱིས་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། ནེལ་ཆུང་རི་གཤམ་དུ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱེད་སྒོ་སྤེལ་ཞིང་། བྱ་སྤྱོད་དངོས་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།
བྱེད་སྒོ་སྤེལ་རིང་། ཏང་ཡོན་དང་བླངས་པས་སྟོད་གོས་དམར་པོ་གྱོན་ཞིང་ཕྱགས་མ་དང་སྦྱག་མ་སོགས་ཁྱེར་ནས། དཀའ་སྡུག་ལ་མི་སྐྲག་པ་དང་། ངལ་དུབ་ལ་མི་སྐྲག་པ། བཙོག་པར་མི་འཛེམ་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གང་ལེགས་བཏང་སྟེ། གད་སྙིགས་དང་། ལོ་མ། ཤོག་རོ་སོགས་གད་སྙིགས་གཙང་སེལ་བྱས་ནས་དེའི་ཁུལ་གྱི་ཁོར་ཡུག་གཙང་དག་ཡོང་བར་བྱས་ཡོད། ཐེངས་འདིའི་བྱེད་སྒོར་གད་སྙིགས་མང་བའི་ཁུལ་10ལྷག་ཙམ་ལ་གཙང་སྦྲ་བྱས་པ་དང་གད་སྙིགས་ཏུན་གཅིག་ལྷག་ཙམ་གཙང་སེལ་བྱས་པ་རེད།
ཐེངས་འདིའི་བྱེད་སྒོའི་རིང་ཏང་ཡོན་དང་བླངས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད”ཀྱི་ལས་ཀའི་དམིགས་ཡུལ་ལག་ལེན་བསྟར་ཏེ། ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་མ་ཟད། ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ་རེད།