དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་མའི་རིག་རྩལ།
  • རི་མོའི་ཞིང་ཁམས་ལ་སྤྲོ་བའི་བུ་མོ་ཆོས་ཉིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • རང་ཅག་བོད་མི་རིགས་ཀྱི་རིག་གནས་བང་མཛོད་ནང་དུ་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་མང་དག་ཡོད་ཅིང་གླུ་དང་གར། བྲོ། རི་མོ་སོགས་སྒྱུ་རྩལ་གྱི་རིག་གནས་ཐད་མི་རིགས་གཞན་དང་བསྡུར་ཚེ་བོད་མི་རིགས་ནི་སྒྱུ་རྩལ་ལ་སྤྲོ་ཞིང་འཚོ་བར་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་པ་ངང་གིས་ཤེས་ཐུབ། ལྷག་པར་དུ་དགོན་པའི་ལྡེབས་རིས་དང་བོད་མིའི་སྡོད་གནས་ཀྱི་ཁང་མཚོན་རི་མོ། ཐ་ན་ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་ཐང་གའི་རི་མོ་སོགས་ལས་བོད་མི་རིགས་འདི་ཉིད་ཀྱིས་རི་མོར་བཅངས་པའི་བརྩེ་དུང་དང་དགའ་ཞེན་ཇི་ཙམ་ཡོད་པ་ཟུར་བལྟས་ལེབས་མཐོང་རེད། ཕྱི་སྣོད་ཀྱི་ཁོར་ཡུག་བཟང་པོ་དེ་འདྲའི་ཁྲོད་དུ་ནང་བཅུད་ཀྱི་འཚོ་སྡོད་མི་རྣམས་ཀྱང་རི་མོར་མི་དགའ་ག་ལ་སྲིད། བོད་རང་སྐྱོང་ལྗོངས་སྐབས་གསུམ་པའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་རྩལ་སྟོན་འགྲན་བསྡུར་ཏེ་རི་མོ་དང་བརྩམས་ཆོས་གསར་གཏོད་འགྲན་བསྡུར་ཐོག་གི་འགྲན་བཞུགས་པ་ཆུང་ཆུང་ཆོས་ཉིད་ཀྱིས་རི་མོར་མི་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་བརྩེ་དུང་ཞིག་བཅངས།

        འདི་ནི་ཆོས་ཉིད་དང་ཁོ་མའི་དམིགས་བསལ་མ་ཡིན་པའི་བརྩམས་ཆོས་ཡིན་པ།

        བབ་ཆགས་ཤིང་ལུས་ལ་སློབ་གོས་གཙང་མར་གྱོན་པའི་སློབ་མ་ཞིག་གིས་ཁྱིམ་ལས་བྱེད་བཞིན་འདུག་ཅིང་།བུ་མོ་དེའི་ཁྱིམ་ལས་བྱེད་སྟངས་དང་གསར་འགོད་པ་མཐོང་དུས་ཀྱི་གུས་ལུགས་བྱེད་སྟངས་ལས་ཁོ་མོ་ནི་ཡ་རབས་དང་ལྡན་ཞིང་ཁྱིམ་ཚང་གི་སློབ་གསོ་ལེགས་པར་ཐོབ་མཁན་ཞིག་ཡིན་པ་ཤེས་རྟོགས་ཐུབ། ཁོ་མོ་ནི་ད་ཐེངས་ཀྱི་རི་མོའི་འགྲན་བསྡུར་ནང་གི་འགྲན་བཞུགས་པ་ཆོས་ཉིད་ཡིན། དཔེ་སྒྲོམ་་ཐོག་གི་གྲལ་བསྟར་སྒྲིག་པའི་དཔེ་དེབ་དང་གྱང་ལྡེབས་ཀྱི་ཚོན་མདོག་རྣམ་པར་བཀྲ་བའི་རི་མོ་སྣ་ཚོགས། དཀར་ཆ་དོད་ཅིང་གཙང་སྦྲ་ལེགས་པའི་ཁང་མིག་ནི་ཁོ་མོའི་མལ་ཁང་ཡིན་ཞིང་། མལ་ཁང་གི་ཟུར་ཞིག་ན་པང་ལེབ་ཐོག་བྲིས་པའི་རི་མོའི་བརྩམས་ཆོས་ཤིག་གིས་གསར་འགོད་པའི་ཡིད་དབང་རབ་ཏུ་འཕྲོག པང་ལེབ་གྲུ་བཞིའི་དཀྱིལ་དུ་བོད་རིགས་ཀྱི་ཤོག་བྱ་ཞིག་བྲིས་ཡོད་ཅིང་། ཤོག་བྱ་དེ་དུམ་བུ་གསུམ་དུ་དབྱེ་སྟེ་གཡོན་ངོས་ཀྱི་སྟེང་དུ་བོད་རིགས་ཀྱི་ཤོག་བུའི་རླུང་རྟ་སྦྱར། དཀྱིལ་ངོས་སུ་བྱ་ཡི་གཤོག་པ་ཡ་གཅིག་བྲིས། དེས་མ་ཟད་གཤོག་པའི་སྟེང་དུ་སྐུད་པ་སྣ་ཚོགས་སྦྱར། ཤོག་བྱའི་གཡས་ངོས་སུ་ཚོན་སྨྱུག་སྣ་ཚོགས་ཀྱིས་བྲིས་པའི་ཀ་མིག་སུམ་ཅུ་ཆུང་བར་འདུག ཤོག་བྱའི་མཐའ་བཞི་རུ་ཐབ་ཆི་དཀར་ནག་གིས་མིག་མང་རྒྱག་ཚུལ་དུ་བསྐོར་བས་སྒྱུ་རྩལ་བརྩམས་ཆོས་དེ་རྒྱང་ནས་བལྟས་ཚེ་མིག་མང་རྒྱག་བཞིན་པའི་སྒྲོག་རྩེའི་སྟེང་དུ་བོད་རིགས་ཀྱི་ཤོག་བྱ་ཞིག་ལྷུང་བའི་སྣང་བ་སྟེར་བཞིན་འདུག་ལ་བརྩམས་ཆོས་དེར་ཞིབ་པར་བལྟས་ཚེ་ཀ་མད་སུམ་ཅུའི་སྐར་ཚོགས་ཀྱི་མཁའ་དབྱིངས་སུ་གཤོག་རྩལ་རང་ངོམས་བྱེད་བཞིན་མིན་ནམ་སྙམ་པའི་ཚོར་བ་སྣ་ཚོགས་སྟེར་བཞིན་འདུག བརྩམས་ཆོས་དེ་ལས་ཁོ་མོའི་སེམས་ཀྱི་ཞིང་ཁམས་གསལ་པོར་མངོན་ཐུབ་ལ་བསམ་བློར་བཀག་རྒྱ་གང་ཡང་མེད་པའི་རི་མོའི་སྒྱུ་རྩལ་གྱི་ཉིང་བཅུད་ངོ་མ་དེ་གསར་འགོད་པས་མྱོང་རོལ་ཐུབ་སོང་།

        འདི་ནི་ཆོས་ཉིད་དང་ཁོ་མོའི་ནང་མི་མཉམ་འཛོམས་ཀྱི་པར་ཡིན་པ།

        ཁོ་མོ་ནི་རི་མོ་འབྲི་རྒྱུར་ཤིན་ཏུ་དགའ་བའི་བུ་མོ་ཆུང་ཆུང་ཆོས་ཉིད་ཡིན། རི་མོས་ཁོ་མོའི་འཚོ་བར་ཁ་ཕྱོགས་དང་སེམས་ནང་དུ་གསོན་ཤུགས་གསར་པ་ཞིག་སྦྱིན་འདུག་སྟེ་ཁོ་མོ་སློབ་ཆུང་ལོ་རིམ་ལྔ་པའི་སྐབས་སུ་སློབ་སྦྱོང་གི་སྦྱང་འབྲས་དེ་ཙམ་ལེགས་པོ་མེད་པའི་ཐོག་སློབ་སྦྱོང་གི་ཁུར་པོ་ལྗིད་པོས་སྤྲོ་སྣང་དང་དགོད་སྒྲ་དག་ཁོ་མོའི་འཚོ་བ་དང་བར་ཐག་ཇེ་རིང་དུ་སོང་བས་ཁོ་མོའི་པྰ་ལགས་ཀྱིས་རང་ཉིད་ཀྱི་བུ་མོ་སློབ་གྲྭ་ནས་ལོ་གཅིག་ཕྱིར་འཐེན་ཏེ་ཁོ་མོའི་དགའ་ཕྱོགས་འཚོལ་བའི་ལམ་དུ་བཏང་། སྐབས་དེ་དུས་ཁོ་མོས་རང་ཉིད་ནང་མི་དང་མཉམ་དུ་ཡུལ་སྐོར་དུ་བསྐྱོད་པའི་འདྲ་པར་རྣམས་ཚོན་སྨྱུག་གིས་རི་མོའི་ཐོག་བྲིས་རྒྱུར་དགའ་ཞེན་ཆེན་པོ་སླེབས་པ་དེ་ཁོ་མོའི་པྰ་ལགས་ཀྱིས་མཐོང་ནས་ཁོ་མོའི་སློབ་སྦྱོང་ལ་ཤུགས་རྐྱེན་མི་བྱེད་པའི་རྨང་གཞིའི་འོག་རི་མོའི་གཟབ་སྦྱོང་འཛིན་གྲྭ་སོགས་ལ་ཐོ་འགོད་བྱས། པྰ་ལགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱིམ་ཚང་སློབ་གསོའི་ཐབས་ཤེས་དང་ཁོ་མོས་རི་མོར་བཅངས་པའི་དམིགས་བསལ་གྱི་བརྩེ་དུང་། དེ་བཞིན་དགེ་བའི་བཤེས་གཉེན་བཟང་པོའི་མཛུབ་སྟོན་སོགས་ཀྱིས་ཁོ་མོ་རི་མོའི་སྒྱུ་རྩལ་དང་ལས་འབྲེལ་གྱི་བསྐལ་བ་བཟང་པོ་བྱུང་འདུག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།