ཨ་ཤོམ་འདེམས་ལས་བྱེད་པ་ནི་ནང་ས་ཙམ་མ་ཡིན་པར་ད་ཆ་བོད་ཀྱི་ས་ཆ་མང་ཆེ་བར་འདེམས་ཀྱི་ཡོད་པ་དང་དེའི་ཐོན་འབབ་ཡག་ཉེས་འདྲ་ཡི་མེད། ཨ་ཤོམ་གྱི་ཐོན་འབབ་ཡག་པོ་ཡོང་བ་བྱེད་དགོས་ན་གཙོ་བོ་ཞིང་པ་ཚོས་ཨ་ཤོམ་གྱི་སོན་འབྲུ་འདེམས་སྟངས་ལ་ཡིད་གཟབ་བྱེད་དགོས་པ་སྟེ།
དང་པོ། ཞིབ་བཤེར་གཏན་འབེབས་དང་ཁྱབ་སྤེལ་བཏང་བའི་སོན་བཟང་འདེམས་དགོས།
ངེས་པར་དུ་ཧེ་ལུང་ཅང་གི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཞིབ་གཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཞིང་བཤེར་གཏན་འབེབས་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱི་གཏན་འབེབས་བྱས་ཤིང་། རང་ལྗོངས་སུ་ཁྱབ་སྤེལ་འོས་པའི་སོན་བཟང་འདེམས་དགོས།
གཉིས་པ། ས་ཆ་དེ་རང་གི་རང་བྱུང་གི་ཆ་རྐྱེན་དང་འཚམ་པའམ་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་དང་འཚམ་པའི་སོན་བཟང་འདེམས་དགོས།
སོན་བཟང་དེ་རིགས་ཕན་ཚུན་དབར་གྱི་སྐྱེ་འཚར་གྱི་དུས་དང་། ཐོན་ཚད་ཀྱི་ཆུ་ཚད། ནད་དུག་འགོག་པའི་རང་བཞིན། ཐན་འགོག་རང་བཞིན། ཉལ་འགོག་རང་བཞིན། དེ་བཞིན་ས་ཁོངས་འཚམས་ས་ཚང་མར་ཧེ་བག་ཆེ་ཙམ་གྱི་ཁྱད་པར་ལྡན་ཡོད། སོན་འབྲུ་འགའ་ཞིག་ནི་འདེམས་ཕྱོགས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཐོན་འབབ་ཆག་པ་དང་སོན་རྒྱུ་སྟོང་པ་སོགས་གི་གནས་ཚུལ་ཐོན་གྱི་ཡོད། ཞིང་པ་ཚོས་སོན་རྒྱུ་འདེམས་སྒྲུག་བྱེད་སྐབས་ས་ཁུལ་དེ་རང་གི་རང་བྱུང་ཆ་རྐྱེན་དང་ཐོན་སྐྱེད་ཆ་རྐྱེན་ལ་གཞིགས་ནས་ཡུལ་དེ་རང་ལ་འཚམ་པའི་སོན་རྒྱུ་འདེམས་དགོས། ཐོན་སྐྱེད་བྱེད་པའི་དོ་དམ་ཆུ་ཚད་མཐོ་བ་དང་། ས་རྒྱུ་ལེགས་པ། ཞིང་ཆུ་འདྲེན་སའི་ཆ་རྐྱེན་འཛོམས་པོ་ཡོད་པའི་ས་ཆར་ཐོན་ལེགས་རང་བཞིན་ཡག་པོ་ཡོད་པ་དང་ཞ ལུས་དང་ཆུ་ནུས་རང་བཞིན་ཐེག་ཆེ་བ། ལོ་ཏོག་ཉལ་རྒྱུ་འགོག་ཐུབ་པའི་ཕྱི་སྨིན་སོན་རྒྱུ་འདེམས་དགོས། ཐོན་སྐྱེད་དོ་དམ་གྱི་ཆུ་ཚད་ཅུང་དམའ་བ་དང་ས་རྒྱུ་ཞན་པ། ཞིང་ཆུ་འདྲེན་པའི་ཆ་རྐྱེན་མེད་པའི་ས་ཁུལ་དུ་འཕྲོད་ཤུགས་ཆེ་བའི་བར་སྨིན་དང་ཕྱི་སྨིན་གྱི་སོན་རྒྱུ་འདེམས་དགོས།
ཆུའི་འབྱུང་ཁུངས་མེད་པ་དང་སྤྱིའི་དྲོད་ཚད་དམའ་པོ་ཡིན་པའི་ཤང་དང་གྲོང་རྡལ་གྱི་ས་ཆར་ལོ་ཏོག་སྨིན་པའི་དུས་ཚོད་སྔ་ཙམ་ཡིན་པའི་བར་སྨིན་དང་ཕྱི་སྨིན་གྱི་སོན་འདེམས་དགོས་པ་དང་།ཆུའི་འབྱུང་ཁུངས་ཆ་རྐྱེན་ལེགས་པ་དང་གནམ་གཤིས་ཀྱི་དྲོད་ཚད་ཅུང་མཐོ་བའི་ཤང་དང་གྲོང་རྡལ་གྱི་ས་ཆར་ཐེག་ནུས་ཆེ་ལ་ཐོན་ལེགས་རང་བཞིན་ཡག་པོ་ཡོད་པའི་ཕྱི་སྨིན་སོན་བཟང་འདེམས་སྒྲུག་བྱེད་དགོས། ས་ཆ་ཐན་ཤས་ཆེ་བ་དང་ཞིང་ཆུ་འདྲེན་པའི་ཆ་རྐྱེན་མེད་པའི་ས་ཆར་ཐན་འགོག་རང་བཞིན་ཆེ་བ་ལ་བར་སྨིན་འམ་བར་ཕྱི་སྨིན་པའི་སོན་རྒྱུ་འདེམས་སྒྲུག་བྱེད་དགོས། བ་ཚྭ་ཅན་གྱི་ས་ཆར་བརླན་བཤེར་ཐེག་ཐོབ་པ་དང་། བ་ཚྭ་ཐེག་ཐུབ་པའི་རིགས་ཀྱི་སོན་རྒྱུ་འདེམས་སྒྲུག་བྱེད་དགོས། ས་རྒྱུ་ཤིན་ཏུ་གཤིན་པོ་དང་ལུད་ཤོར་འགྲོ་བའི་ས་ཆར་ས་རྒྱུ་གཤིན་པོ་ཐེག་ཐུབ་པའི་སོན་རྒྱུ་འདེམས་སྒྲུག་བྱེད་དགོས།
ཞིང་ལས་སྐྱེ་དངོས་དབར་གྱི་ཚགས་ཐུག་པོ་ཐེག་པའི་ནུས་པ་ཡོད་པ་དང་། ཐོན་ལེགས་རང་བཞིན་ཡག་པ། ལོ་ཏོག་ཉལ་འགྲོ་བ་འགོག་ནུས་ཅུང་ཆེ་བའི་སོན་བཟང་འདེམས་སྒྲུག་བྱེད་དགོས། ནད་དང་འབུའི་གནོད་འཚེ་ཅུང་ཐོན་མང་བའི་ས་ཆར་ནད་འགོག་གི་ནུས་པའི་རང་བཞིན་ཅུང་ཆེ་བའི་སོན་བཟང་འདེམས་དགོས།
གསུམ་པ། སོན་བཟང་འདེམས་སྒྲུག་བྱེད་པའི་བསམ་བློ་གྲ་སྒྲིག་ཡོད་དགོས།
འདེམས་འཛུགས་བྱེད་སྟངས་དང་བདེ་སྤྱོད་བྱེད་རྒྱུར་འཚམ་པའི་སོན་བཟང་འདེམས་སྒྲུག་བྱེད་དགོས་པ་དང་། འགྱིག་ཁེབས་གཡོག་པའི་ས་ཆར་འོས་འཚམ་གྱི་ཕྱི་སྨིན་སོན་རྒྱུ་འདེམས་དགོས། སྤུས་ལེགས་ཀྱི་ས་བོན་འདེམས་པར་མཆེ་བ་ཐོན་འགྱོགས་པ་དང་། སྤུས་ཀ་མཐོ་བ། རྒྱུ་གཙང་བའི་སོན་བཟང་བདམས་ནས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བདེ་སྤྱོད་བྱེད་རྒྱུར་གཞིགས་ནས་ཆེད་སྤྱོད་སྤུས་ལེགས་ཀྱི་སོན་བཟང་འདེམས་དགོས།
རིགས་མི་འདྲ་བའི་སོན་བཟང་ལ་ལོ་དང་དུས་ཚོད་དབར་གྱི་ཧེ་བག་འགྲོ་གི་ཡོད། སོན་བཟང་འདེམས་སྒྲུག་བྱེད་སྐབས་སྣེ་ཁ་གཅིག་གཅིག་པུ་མ་ཡིན་པར་སྤྱིར་སྟངས་ངོ་སྤྲོད་གཙོ་བོ་བྱེད་པའི་སོན་བཟང་ཞིག་བདམས་པའི་ཐོག་སོན་སྣེ་ཁ་2ནས་3བར་གྱི་ཁ་གསབ་སོན་འདེམས་དགོས། གཙོ་བོ་ངོ་སྤྲོད་བྱེད་པའི་སོན་རྒྱུ་དེ་ཐོན་ལེགས་རང་བཞིན་ཡག་པ་དང་། གཉན་འགོག་གི་རང་བཞིན་མཐོ་བ། ཐོན་མཐོའི་བརྟན་པའི་རང་བཞིན་ཡག་པ། ཁ་གསབ་སོན་སྨིན་པའི་དུས་ཚོད་རིང་དུ་དང་ཐུང་དུ་གཏོང་རྒྱུ་ཡོད་པ་བཅས་ཀྱི་ཐོན་མཐོ་དང་། ཐོན་བརྟན། ཐོན་སྤེལ་གྱི་ཆ་སྙོམས་པ་ཞིག་ཡིན་དགོས།
རྨོང་ཚོད་ཀྱི་སྒོ་ནས་ཐོན་ལེགས་ཡོང་ཐབས་བྱེད་མི་རུང་། སོན་རིགས་གསར་པ་འགའ་ཞིག་གི་ཐོན་ལེགས་རང་བཞིན་ཡག་པོ་ཡོད། འོན་ཀྱང་འགའ་ཞིག་ནི་སྤྱིར་བཏང་ཞིག་ལས་མེད་པ་སྟེ་ལོ་ཏོག་ཉལ་བ་དང་ཐོན་འབབ་ཞན་པ་སོགས་ཡོད་པས་དེར་བརྟེན་རྒྱ་ཆེའི་ཞིང་པ་མང་ཚོགས་ཚོས་ཚོང་གཉེར་པས་འུད་ཤོབ་ཀྱི་སྒོ་ནས་ངོ་སྤྲོད་བྱས་པའི་ཚིག་སྙན་པོ་དང་ཁ་སྙན་པོ་ཁོ་ནར་ཡིད་ཆེས་བྱེད་རྒྱུ་མེད་པ་དང་། ཚོད་ལྟ་བྱས་མེད་པའི་སོན་རིགས་འདེབས་ཁྱོན་ཆེན་པོ་བྱེད་མི་རུང་བ་བཅས་སོ།