དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས།

    འཛམ་གླིང་གི་གློ་བའི་འཕར་རྩའི་གནོན་ཤུགས་ཉིན་མོར་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • ཟླ་5ཚེས་5ཉིན་ནི་འཛམ་གླིང་གི་གློ་བའི་འཕར་རྩའི་གནོན་ཤུགས་ཉིན་མོ་ཐེངས་12པ་ཡིན་ཞིང་། ཉིན་དེར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་འཛམ་གླིང་གི་གློ་བའི་འཕར་རྩའི་གནོན་ཤུགས་ཉིན་མོའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་གློ་བའི་འཕར་རྩར་གནོན་ཤུགས་ཆེན་པོ་མི་ཡོང་བའི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་སྟེ། སྤྱི་ཚོགས་ལས་རིགས་ཁག་གིས་ནད་གཞི་དེར་དོ་ཁུར་བྱེད་པའི་རེ་འབོད་བྱས་ཡོད།

        སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་བོད་སྐྱོར་སྨན་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དབུགས་ལམ་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་དབྱང་སུའུ་ཆའོ་ཡིས་སྣེ་ཁྲིད་པའི་འོས་འགན་སྨན་བཅོས་རུ་ཁག་གིས་ཉིན་དེའི་ལས་ལ་བྲེལ་འགོ་ཚུགས་ཤིང་། སྨན་པས་ན་ཚ་ལྟ་བར་ཡོང་མཁན་གྲོང་མི་མི་རེ་ངོ་རེའི་གཟུགས་པོར་བརྟག་དཔྱད་བྱས་ནས་དོགས་གནད་སེལ་རོགས་བྱས་པ་མ་ཟད། ནད་གཞིར་གཞིགས་ཏེ་ཆེད་ལས་ཀྱི་སྨན་བཅོས་ཇུས་གཞི་བཟོས་པ་དང་སྦྲགས། གྲོང་མིར་གློ་བའི་འཕར་རྩའི་གནོན་ཤུགས་འགོག་ཐབས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་དེ། གློ་བའི་འཕར་རྩའི་གནོན་ཤུགས་ཆེ་བའི་ནད་ཐོག་གི་ནད་རྟགས་ཐོན་ཚུལ་དང་། ཐོག་མའི་སྐབས་ཀྱི་གྲལ་བཤེར། སྨན་བཅོས་བྱེད་སྟངས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་གཙོ་གནད་མི་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་ཁྲིད་སྟོན་བྱས་ཡོད།

        “ད་རེས་འོས་འགན་སྨན་བཅོས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཚང་མས་གློ་བའི་འཕར་རྩའི་གནོན་ཤུགས་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་བོད་ཀྱི་མི་སེར་ཚོས་གློ་བའི་འཕར་རྩའི་གནོན་ཤུགས་ཀྱི་ནད་གཞི་འདི་འདྲ་ཞིག་ཡོད་པ་ཤེས་ཆེད་རེད། དེ་དང་ཆབས་ཅིག་ང་ཚོས་ཀྱང་ད་རེས་ཀྱི་འོས་འགན་སྨན་བཅོས་བྱས་པ་བརྒྱུད། ནད་པ་ཁག་གཅིག་སྔ་ཙམ་བརྟག་བཤེར་ཐུབ་པར་བྱས་ནས་ཁོ་ཚོར་དེ་བས་ལེགས་པའི་སྨན་བཅོས་ཐུབ་རེ་བྱེད་ཀྱི་ཡོད”ཅེས་དབྱང་སུའུ་ཆའོ་ཡིས་དྲན་སྐུལ་བྱས་པ་དང་། ཁོང་གིས“གློ་བའི་འཕར་རྩའི་གནོན་ཤུགས་ངོས་ནས་བརྗོད་ན། སྔ་ཙམ་དབྱེ་འབྱེད་དང་འགོག་ཐབས་བྱེད་པ་འགག་རྩར་བརྩིས་ནས། ནད་པས་རྒྱུན་གཏན་གྱི་འཚོ་བར་སེམས་ཁམས་ཡག་པོ་འཁྱེར་བའི་ཁར། བཟའ་བཏུང་དོ་སྙོམས་དང་། གཉིད་འདང་ངེས་ཁུག་པ། འགུལ་སྐྱོད་འོས་འཚམ་བཅས་བྱས་ནས་དཀའ་ལས་ཆེན་པོ་མི་ཁག་པ་དང་དུས་མཚུངས་ཉུང་མཐར་ཡང་ལོ་ཕྱེད་ལ་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱེད་པ་ལས་སྨན་དུས་མིན་དུ་སྤྱོད་པ་དང་གློ་བུར་དུ་སྨན་བཅོས་བྱེད་མཚམས་བཞག་སྟེ་ནད་གཞི་སྡུག་ཏུ་མི་འགྲོ་བར་བྱེད་དགོས”ཞེས་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།