ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོ་བརྟན་པོར་བསྲུངས་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པ།
“བོད་ཀྱི་སྨན་པ་བཟང་པོ་བཅུ”རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་རིག་འཛིན་གྱི་སྐོར་བཀོད་པ།
“‘བོད་ཀྱི་སྨན་པ་བཟང་པོ་བཅུ’ཞེས་པའི་མཚན་སྙན་དེར་ངས་ལོ་20ལྷག་ཙམ་གྱི་དཀའ་ངལ་ཁྱད་བསད་བྱས་པའི་རྔུལ་ཆུ་འདུས་ཡོད་ལ། འགོ་ཁྲིད་ཁག་དང་ལས་རོགས་ཚོས་དུས་ཡུན་རིང་པོའི་ནང་རང་ཉིད་ལ་ཐུགས་ཁུར་དང་རོགས་རམ་གནང་བ་དེ་བས་ཚུད་ཡོད”ཅེས་བྱ་དགའ་ལེན་པའི་སྡིངས་ཆའི་ཐོག“བོད་ཀྱི་སྨན་པ་བཟང་པོ་བཅུའི”མཚན་སྙན་ཐོབ་མཁན་གྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་རིག་འཛིན་གྱིས་བཤད།
1998ལོའི་ཟླ་7པར་རིག་འཛིན་བོད་ལྗོངས་མི་རིགས་སློབ་གླིང་ནད་ཐོག་གསོ་རིག་ཆེད་ལས་ཐོན་རྗེས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་ལས་བགོས་བརྒྱབ་ནས་ཕྱི་ལུགས་གསོ་རིག་གི་རྨང་གཞི་དང་ནད་དཔྱད་རིག་པའི་གཞོན་སྐྱེས་དགེ་རྒན་ཞིག་ཏུ་གྱུར།
སྐབས་དེ་དུས་ནས་རིག་འཛིན་གྱིས་ཉིན་ཞིག་གཤགས་བཅོས་སྟེགས་བུ་དང་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་གཞོལ་ནས་སྦྱངས་པའི་ཤེས་བྱ་ཡག་པོ་སྤྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
1999ལོར་བོད་ཀྱི་དབང་རྩའི་ཕྱི་བཅོས་ཚན་ཁག་དང་པོ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བཙུགས། ལོ་གཉིས་སོང་རྗེས་རིག་འཛིན་ཚན་ཁག་དེར་འཐེན་ནས་ཕྱི་བཅོས་ཚན་ཁག་གི་སྨན་པ་ཞིག་ཏུ་གྱུར།
ལོ་20ལྷག་ཙམ་རིང་མི་དམངས་སྨན་ཁང་གིས་རིག་འཛིན་ཧྭ་ཤིས་སྨན་ཁང་གི་དབང་རྩའི་ཕྱི་བཅོས་ཚན་ཁག་ཏུ་ཟབ་སྦྱོང་བྱེད་པར་འོས་སྦྱོར་བྱས་པ་མ་ཟད། བོད་སྐྱོར་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་སི་ཁྲོན་སློབ་ཆེན་ཧྭ་ཤིས་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་དུ་བདེ་བླག་ངང་རྒྱུགས་འཕྲོད་དེ་དབང་རྩའི་ཕྱི་བཅོས་ཚན་ཁག་གི་རབ་འབྱམས་པའི་སློབ་གནས་ཐོབ། རིག་འཛིན་ད་དུང་པེ་ཅིང་ཐེན་ཐན་སྨན་ཁང་དུ་ཟབ་སྦྱོང་ལ་བསྐྱོད་དེ་རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་དབང་རྩའི་ཕྱི་བཅོས་ཚན་ཁག་གི་སྨན་བཅོས་ལག་རྩལ་སྦྱོང་མྱོང་ཡོད།
ད་ཆ་ལོ་མང་རིང་ཟབ་སྦྱོང་དང་མི་རབས་ཁ་ཤས་དང་མཉམ་དུ་འབད་བརྩོན་བྱས་པ་དང་ལྷག་པར་དུ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག རིག་འཛིན་གནས་སའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་སྨན་བཅོས་ཞབས་ཞུ་དང་། རིག་ཚན་འཛུགས་སྐྱོང་། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་ལྗོངས་ནང་ཁུལ་གྱི་དབང་རྩའི་ཕྱི་བཅོས་ཚན་ཁག་གི་ནད་ཡམས་དང་དེ་བཞིན་སྨན་བཅོས་དཀའ་བ་དང་ནད་གཞི་ཚབས་ཆེན་གྱི་ནད་པའི་སྨན་བཅོས་ལྟེ་གནས་དང“ཐ་སྐྱོང”ཚན་ཁག་ཅིག་ཏུ་གྱུར།
དུས་ཚོད་ནི་ཚེ་སྲོག་ཡིན། ལྷག་པར་དུ་དབང་རྩའི་ཕྱི་བཅོས་ཚན་ཁག་ཏུ་སྨན་བཅོས་ལ་ཡོང་མཁན་ནི་དོས་དྲག་དང་ནད་ཚབས་ལྕི་བའི་ནད་པ་ཤ་སྟག་ཡིན་པས། མྱུར་སྐྱོབ་ཀྱི་ལས་འགན་སྒྲུབ་རིམ་བཞིན་རིག་འཛིན་གྱིས་གདོང་མཆོང་བྱེད་རྐྱང་བྱེད་ཀྱི་ཡོད། ལོ་ཤས་རིང་རིག་འཛིན་གྱིས་རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་ལ་བརྟེན་ཏེ་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མི་ཞིག་གི་འགན་འཁྲི་དང་ལས་འགན་མངོན་པར་བྱས་ཡོད།
“གསོ་རིག་གི་ལམ་བུར་རང་ཉིད་སྨན་པ་དཀྱུས་མ་ཞིག་ནས་གཙོ་བཅོས་སྨན་པ་དང་ཚན་ཁག་གི་ཀྲུའུ་རེན་ལ་རིམ་བཞིན་འགྱུར་ལྡོག་བྱུང་བའི་བར་ཁོང་གིས་འཐབ་ས་དང་པོར་དཀའ་སྤྱད་འབད་བརྩོན་བྱེད་པའི་དཀའ་སྡུག་མྱངས་མྱོང་ལ། སྨན་བཅོས་བདེ་བླག་བྱུང་བའི་སྤྲོ་སྣང་ཡང་བྱུང་མྱོང་ཡོད། གྲུབ་འབྲས་ཆེ་ཤོས་ནི་ནད་པ་དང་། ནད་པའི་ནང་མི། ལས་རོགས་བཅས་ཀྱི་ཁས་ལེན་ཐོབ་པ་དེ་རེད། སླད་ཕྱིན་ངས་མུ་མཐུད‘ཚེ་སྲོག་ལ་གུས་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་པ། གཅེས་སེམས་ཆེན་པོ’བཅས་ཀྱི་ལས་རིགས་སྙིང་སྟོབས་དར་སྤེལ་བཏང་ནས་ཆེད་ལས་ཀྱི་ཤེས་བྱར་བློ་རྩེ་གཅིག་སྒྲིམ་ངང་བརྩོན་ཞིབ་བྱས་ཏེ་ཆེད་ལས་ཀྱི་རྩལ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་རྣམ་འགྱུར་བཟང་པོར་བརྟེན་ནས་ནད་པར་སྤུས་ལེགས་དང་། ནུས་ཆེ། བདེ་འཇགས་བཅས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ནས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་སྨན་བཅོས་ཀྱི་འཐབ་ས་དང་པོར་ཞུགས་ཀྱི་ཡིན་ལ‘བདེ་ཐང་བོད་ལྗོངས’སྐྲུན་པའི་ལག་ལེན་ཁྲོད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།