མངའ་རིས་ས་ཁུལ་གྱི་སྐོར་སྐྱོད་སྨན་བཅོས་ཚོགས་ཆུང་གིས་བདེ་ཐང་གི་སྐོར་སྐྱོད་སྨན་བཅོས་བྱས་པ།
ཉེ་ཆར། མངའ་རིས་ས་ཨུད་རྩ་འཛུགས་པུས་ས་ཁུལ་མི་དམངས་སྨན་ཁང་དང་ས་ཁུལ་སྨན་རྩིས་ཁང་དང་མཉམ་དུ་རྐང་འཛིན་སྨན་པ་དཀའ་བཅུ་པ་10ལྷག་ཙམ་སྒྲིག་འཛུགས་ཀྱིས“སྔོན་འགོག་བདེ་སྲུང་འཚོ་བ་སྐྱེལ་བ་དང་། བདེ་ཐང་རིགས་གཅིག་མཁས་ཅན་ལས་ཁུངས་སུ་སྐྱོད་པའི”སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། སྐོར་སྐྱོད་སྨན་བཅོས་ཚོགས་ཆུང་གི་སྨན་པ་དཀའ་བཅུ་པས་ལས་བྱེད་ལས་བཟོ་ཚོར་སྔོན་ཆད་ཀྱི་ནད་གཞི་དང་གཟུགས་པོའི་གནས་ཚུལ་འདྲི་རྩད་དང་ཐོ་བཀོད་ནས། ཁྲག་ཤེད་དང་། ཁྲག་མངར། ཚོན་ཁྲ་ཅན་གྱི་སྙིང་པར་དང་སྙིང་འཕར་རླབས་རིས་སོགས་ཀྱི་བརྟག་དཔྱད་ཀྱི་ཞབས་འདེགས་ཞུས་པ་དང་། དེ་དང་ཆབས་ཅིག་ཡུན་རིང་བསྡད་དྲགས་པ་དང་། ལས་ཀའི་གནོན་ཤུགས་ཆེ་བ་སོགས་ཀྱི་ལས་བྱེད་ལས་བཟོ་ཚོར་རྩ་ལྟ་བ་དང་། ཁབ་བཙའ། འཕུར་མཉེད། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པས་ཁོང་ཚོའི་ཕྲག་པ་དང་། སྐེད་པ། རྐང་པ་སོགས་མི་བདེ་བའི་གནད་དོན་ཞི་ལྷོད་དུ་ཕྱིན་ཡོད།