དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློམ་མའི་ལེགས་རྩོམ།
  • དཔྱིད་ཀ་སླེབས་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-28

    རྩོམ་སྒྲིག་པའི་གཏམ།

    གསོན་ཤུགས་དང་རེ་བས་ཁེངས་པའི་དཔྱིད་ཀ་སླེབས་བྱུང་། ངར་ཤུགས་དང་དགའ་སྤྲོ་འཁོལ་བའི་དཔྱིད་ཀ་སླེབས་བྱུང་། དཔྱིད་ཀ་སླེབས་པས། མིག་མདུན་གྱི་ཡུལ་ལྗོངས་སྙིང་རྗེ་པོར་གྱུར་ལ། སེམས་ནང་གི་ཕ་ཡུལ་སྔོ་ལྗང་ཅན་དུ་གྱུར། དཔྱིད་ཀ་སླེབས་པས། བྱིས་པ་ཚོའི་མིག་ཟུང་ལས་འོད་སྣང་འཚེར་ཞིང་། དྲན་པའི་ཡོལ་བའི་ངོས་སུ་དྲོ་འཇམ་དཔྱིད་ཀྱི་དཔལ་ཡོན་ངང་གིས་འཆར། སྙན་པོའི་རྩོམ་ཡིག་འབྲི་བའི་སོར་རྩེ་རབ་ཏུ་འགུལ།

    ཐེངས་འདིའི་《རྩོམ་རིག་དགའ་ཚལ》པར་ངོས་སུ་མཚོ་སྨད་སློབ་འབྲིང་གི་སློབ་མ་ཚོའི་དཔྱིད་ཀ་སླེབས་བྱུང་ཞེས་པའི་ཁ་བྱང་གཅིག་པའི་སྦྱངས་རྩོམ་ཁག་གཅིག་བཀོད་སྒྲིག་ཞུས་ཏེ། དཔྱིད་ཀྱི་མྱུ་གུ་དང་འདྲ་བའི་གསོན་ཤུགས་དང་རེ་བས་ཁེངས་པའི་བྱིས་པ་རྣམས་ལ་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ།

    ཡེ་ཤེས་མཚོ་མོ། བརྒྱད་པའི་དང་པོ།

    ནམ་དུས་བཞིའི་ཁྲོད་ནས་ང་རང་དགའ་ཤོས་ནི་དཔྱིད་ཀ་ཡིན། དཔྱིད་ཀ་ནི་དུས་ཚིགས་བཞིའི་ཐོག་མ་ཡིན། དཔྱིད་དུས་རི་ཀླུང་སྔོ་ལྗང་ཅན་དུ་གྱུར་ཏེ། བྱ་ཁུ་བྱུག་གིས་སྙན་པའི་གླུ་དབྱངས་ལེན་བཞིན་དཔྱིད་ཀ་ལ་བསུ་བ་ཞུ་བཞིན་མཆིས། ཆུ་མོ་ནི་དྭངས་ཤིང་གཙང་ལ་ནམ་མཁའ་ནི་གཡུ་ལྟར་སྔོ།

    ང་ནི་དཔྱིད་ཀ་ལ་དགའ། དཔྱིད་དུས་ཁམ་སྡོང་སོགས་ལ་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་འདྲེན་བྱེད་ཡུལ་དུ་ཧ་ཅང་མཛེས། དཔྱིད་དུས་ཞོགས་པའི་མཁའ་རླུང་གཙང་ཞིང་ཉི་འོད་རི་རྩེ་ནས་གསལ་ལེར་ཤར་དུས་མི་སེམས་ལ་དྲོ་སྐྱིད་ལྡན་པའི་ཚོར་སྣང་རེ་སྦྱིན། དཔྱིད་དུས་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས་མི་རྣམས་ལ་རེ་བ་གསར་པ་རེ་སྟེར་བར་བྱེད། དཔྱིད་ཀའི་ཡུལ་ལྗོངས་ནི་ནམ་དུས་བཞིའི་ཁྲོད་ནས་གསོན་ཤུགས་དང་རེ་བས་ཕྱུག་པ་ཞིག་ཡིན། དཔྱིད་རླུང་སིལ་སིལ་དུ་ལྡང་བས་མི་རྣམས་ལ་སྔར་ན་མེད་པའི་སྟོབས་ཤུགས་གསར་པ་རེ་སྐྱེས་ཏེ་དཔའ་ངར་ཞུམ་མེད་ཀྱིས་བྱ་གཞག་ཁག་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ལ་བྲེལ། དཔྱིད་དུས་ཁོར་ཡུག་གཙང་ཞིང་མཛེས་པས། མི་རྣམས་ཕྱི་རོལ་ཡུལ་དུ་གླིང་ག་གཏོང་བར་འགྲོ་འགོ་ཚུགས་ལ། ཕྱི་རོལ་ཡུལ་གྱི་མཛེས་པའི་ཁོར་ཡུག་ལ་མྱོང་རོལ་བྱེད་བཞིན་རང་སེམས་ལ་སྤྲོ་སྣང་གྱིས་ཁེངས་པར་བྱེད། དེ་གར་ཕྲུ་གུ་རྣམས་རྩེད་མོ་རྩེ་བ་དང་ན་གཞོན་རྣམས་གཞས་ཞབས་བྲོ་རྒྱག་པ། རྒན་འཁོགས་རྣམས་ཅི་འཕྲོས་མོལ་འཕྲོས་ལ་དབྱིངས་ཚུད་བཞིན་གདའ།

    ང་ཚོའི་ཕ་ཡུལ་གྱི་དཔྱིད་ཀ་ནི་ཧ་ཅང་མཛེས། དཔྱིད་ཀར་རླུང་བུ་སིལ་སིལ་དུ་ལྡང་ཞིང་དྲོ་ཞིང་འཇམ་པའི་རླུང་བུ་དེས་མི་རྣམས་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་དང་སྙིང་སྟོབས་རེ་སྟེར་བར་བྱེད། ང་རང་དཔྱིད་ཀར་དགའ་ཞིང་དཔྱིད་ཀ་ལ་ཤིན་ཏུ་དུང་།

    ཚེ་རིང་དབང་མོ། (བརྒྱད་པའི་གཉིས་པ)

    དགུན་གྱི་ནམ་ཟླ་ཡོལ་སོང་། དཔྱིད་ཀྱི་གོམ་སྒྲ་ང་ཚོ་དང་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ། དཔྱིད་ཀྱི་དཔལ་ཡོན་ཡང་དལ་བ་དལ་བུར་ང་ཚོའི་འདྲེན་བྱེད་ལམ་དུ་ཝ་ལེར་འཆར།

    དཔྱིད་དུས་ཡངས་ཤིང་མུ་མཐའ་མེད་པའི་རྩྭ་ཐང་ནི་གསོན་ཤུགས་གསར་པ་ཞིག་གིས་ཁེངས་ནས་ཡོད། དེའི་སྟེང་གཡང་དཀར་ལུག་ཁྱུ་མུ་ཏིག་ཐང་ལ་བཀྲམ་པ་དང་འདྲ་བར་རང་རང་གང་འདོད་ངང་རྩྭ་ཆུར་རོལ་བཞིན་མཆིས། རྒྱང་རིང་ནས་བལྟས་ཚེ་དེ་ནི་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་དང་ཨ་ན་མ་ན་རེད། རླུང་བུ་སིལ་སིལ་ཞིག་ལྡང་བ་བསྟུན་ནས་འབྲོག་གླུ་སྙན་མོ་ཞིག་རྣ་ལམ་དུ་ཐོས་པས་ལུས་སེམས་གཉིས་ལ་སྔར་ན་མེད་པའི་བདེ་སྣང་གསར་པ་རེ་སྦྱིན།

    མ་གཞི་བྱས་ན་དེ་ནི་དཔྱིད་ཀར་ཡོད་དགོས་པའི་རྣམ་པ་རེད། ཡིན་ན་ཡང་། ང་ཚོའི་ཕ་ཡུལ་གྱི་དཔྱིད་ཀར་འདི་འདྲ་བའི་རྣམ་པ་མཐོང་རྒྱུ་མེད། ང་ཚོའི་ལུང་པར་དཔྱིད་ཀ་སླེབས་ཀྱང་ད་དུང་སྔར་བཞིན་དགུན་ཁའི་རྣམ་པ་ལྟར་རེད། རྩྭ་ནི་ད་དུང་སེར་ལམ་ལམ་ཡིན་ཞིང་ཤིང་སྡོང་སྟེང་དུ་ཡང་གསར་སྐྱེས་ཀྱི་ལོ་མ་གཏན་ནས་མཐོང་རྒྱུ་མེད། ཡིན་ན་ཡང་གནམ་གཤིས་ཅུང་དྲོ་རུ་ཕྱིན་པ་དང་། ཆུ་བོ་དང་མཚེའུ་ཡི་འཁྱགས་པ་བཞུར་བ་སོགས་མ་གཏོགས། དཔྱིད་ཀྱི་དཔལ་ཡོན་ཧ་ལམ་མིག་ལམ་དུ་འཆར་རྒྱུ་མེད།

    ངའི་ཕ་ཡུལ་གྱི་དཔྱིད་ཀའི་རྣམ་པ་དེ་ཙམ་མཛེས་པོ་མེད། ཡིན་ན་ཡང་། ཕ་ཡུལ་དུ་མཐོང་ཐོས་མང་ཤོས་ནི་ཡུལ་མི་རྣམས་ཀྱིས་ཞིང་ཁའི་ནང་བྲེལ་བྲེལ་འཚུབ་འཚུབ་ངང་ནས་སོ་ནམ་བྱེད་པར་འགྲོ་བ་དེ་ཡིན། ཞིང་པ་ཚོས་ཞོགས་པ་སྔ་པོ་ནས་མལ་ལས་ལངས་ཏེ། ཁྱིམ་ནས་ལྟོ་ཆས་སྟབས་བདེ་རེ་ཟོས་རྗེས་ལག་ཆ་ཁྱེར་ནས་རང་ཁྱིམ་གྱི་ཞིང་ཁར་ཐོན། ཞིང་ནང་དུ་སླེབས་རྗེས་ཉིན་གཅིག་གི་རྨོ་འདེབས་འགོ་ཚུགས། ཁོང་ཚོས་དགོང་མོ་ཕྱི་པོ་བར་ཞིང་ནང་དུ་ལས་ཀ་བྱེད། ཁོང་ཚོ་དགོད་འཚེར་འཚེར་ངང་ལོག་ཡོང་དུས་དཀའ་ངལ་དང་བསུན་སྣང་སྤུ་ཙམ་ཡང་མེད་པའི་སྣང་བ་ཞིག་འགོག་མེད་དུ་འཆར་ཐུབ།

    ཕ་ཡུལ་ཡ། ཕ་ཡུལ། ཕ་ཡུལ་གྱི་དཔྱིད་ཀ་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་ཤིང་། ནམ་ཡང་ཕ་ཡུལ་གྱི་ལས་ལ་བརྩོན་པའི་ཡུལ་མི་ཚོའི་སྤྱོད་བཟང་ལ་སྙིང་ནས་གུས་ཤིང་དད།

    ཀུན་བཟང་དབྱངས་ཅན། (བདུན་པའི་དང་པོ)

    དཔྱིད་ཀ་སླེབས་བྱུང་། དཔྱིད་ཀ་སླེབས་བྱུང་། ས་གཞི་ཆེན་མོ་དྲོ་རུ་ཕྱིན་སོང་། རེ་སྒུག་གི་ངང་ནས་དཔྱིད་རླུང་འུར་འུར་དུ་ལྡང་བྱུང་ལ། དཔྱིད་ཀྱི་གོམ་སྒྲ་ང་ཚོ་དང་ཇེ་ཉེ་ནས་ཇེ་ཉེ་རུ་ཕྱིན་སོང་། དཔྱིད་ཀ་སླེབས་བྱུང་། ཉིན་བྱེད་ཀྱི་བཞིན་རས་དེ་བས་དམར་པོར་གྱུར་ལ། སྲོག་ཆགས་ཀྱི་འདྲེན་བྱེད་གྲུང་པོར་གྱུར།

    ལོ་གཅིག་དུས་བཞི་ཡི་ནང་ནས་དཔྱིད་ཀ་ནི་སྐྱིད་ཤོས་ཏེ། དཔྱིད་ཀ་ཤར་བ་ན་དགུན་ཉལ་བརྒྱབ་པའི་སྲོག་ཆགས་དང་རྩྭ་རྩི་ཤིང་ཐམས་ཅད་གྲུང་ཤ་དོད་དུ་ཕྱིན་པ་དང་། དཔྱིད་ཀ་ཤར་ཚེ་ནམ་མཁའ་ནི་སྔོ་ཞིང་དྭངས་ལ། ཉི་འོད་ནི་དྲོ་ཞིང་འཇམ། རྩྭ་ཕྲན་དག་གིས་རྐང་འཇབ་ལག་འཇབ་ངང་ས་ཤུན་བརྟོལ་ཏེ་མགོ་བོ་འབུར་འབུར་བྱེད་པས་ཁོར་ར་ཁོར་ཡུག་ཡོད་ཚད་ལྗང་ཐིང་ཐིང་དུ་གྱུར། སྐབས་འགར་ཆར་པ་སིམ་སིམ་དུ་བབས་ནས་ས་གཞིར་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག ཉིན་འགའ་སོང་རྗེས་མེ་ཏོག་ཁྲ་ཆིལ་ལེར་བཞད་པས་ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་དེ་བཀྲག་མདངས་རབ་ཏུ་འཚེར་བར་གྱུར། སློབ་གྲྭ་གྲོལ་རྗེས་སློབ་མ་རྣམས་རྩྭ་ཐང་དུ་གང་འདོད་ལྟར་རྩེད་འཇོར་རོལ་བཞིན་མཆིས། བྱིས་པ་རྣམས་ཀྱི་དགོད་སྒྲ་ལྷང་ལྷང་ཁྲོད་ནས་དཔྱིད་ཀ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ཤེས་ཐུབ།

    དཔྱིད་ཀ་སླེབས་བྱུང་། ནོར་ལུག་གི་ཁྱུ་ཚོགས་འབའ་སྒྲ་དང་ངུར་སྒྲ་སྒྲོག་བཞིན་རྩྭ་ཆུར་རོལ། འབྲོག་པའི་སྦྲ་གུར་སྟེང་ནས་འཕྱུར་བའི་དུ་བ་ནམ་མཁའི་སྤྲིན་དཀར་དང་འདྲེས་བཞིན་མཆིས། ཁོ་ཚོས་ད་དུང་སྦྲ་གུར་གྱི་མཐའ་འཁོར་དུ་ཕྱུར་བ་སྐེམ་བཞིན་འདུག སྐབས་འགར་ཁོ་ཚོས་རྫི་གླུ་སྙན་མོ་རེ་ལེན་གྱིན་མཛེས་སྡུག་ལྡན་པའི་དཔྱིད་ཀར་བསྟོད་པ་འབུལ་བཞིན་གདའ།

    དཔྱིད་ཀ་ནི་མཛེས་སྡུག་ལྡན་པའི་ནམ་དུས་ཤིག་ཡིན་པ་མ་ཟད། སྟོབས་ལྡན་གྱི་གྱད་མི་ཞིག་དང་འདྲ། དཔྱིད་ཀས་མི་རྣམས་ལ་དགའ་སྤྲོ་དཔག་མེད་སྟེར་ཐུབ་པས་ང་རང་དཔྱིད་ཀར་དགའ།

    སྐུ་བཟང་ནོར་སྐྱིད། (བརྒྱད་པའི་གཉིས་པ)

    དཔྱིད་ཀ་སླེབས་ན་ང་ཚོ་དཔྱིད་ཀའི་དཔལ་ཡོན་དང་ཐག་ཉེ་རུ་ཕྱིན་ཡོད། དཔྱིད་ཀའི་དུས་ལ་ང་ཚོའི་ཕ་ཡུལ་གྱི་རྩྭ་ཐང་སྔོ་ཐིང་ཐིང་དུ་གྱུར་བས་མི་རྣམས་ལ་བརྗོད་མི་ཤེས་པའི་བདེ་སྣང་རེ་སྟེར་གྱིན་ཡོད།

    ང་ཚོའི་ཕ་ཡུལ་ལ་རྩྭ་ཐང་ཧ་ཅང་རྒྱ་ཆེན་པོ་ཡོད་པ་མ་ཟད། ནོར་ལུག་ཧ་ཅང་མང་པོ་ཡོད་པ་དེ་དག་ནི་གཡུ་མདོག་གི་རྩྭ་ཐང་དུ་མུ་ཏིག་གི་ཕྲ་རྒྱན་བཏབ་པ་དང་གཉིས་སུ་མ་མཆིས།

    ཡུལ་ལུང་སོ་སོར་ཐོན་ཁུངས་མི་འདྲ་བ་རེ་ཡོད་པ་བསྙོན་དུ་མེད། ཡུལ་ལུང་ལ་ལར་ཤིང་རིགས་ཧ་ཅང་མང་པོ་སྐྱེ་ཡི་ཡོད། ཡིན་ནའང་ང་ཚོའི་ཕ་ཡུལ་ལ་ཤིང་རིགས་སྐྱེ་འཚར་བྱེད་ཁག་པོ་ཡོད། རྒྱུ་མཚན་ནི་ང་ཚོའི་ཕ་ཡུལ་གཅིག་ནས་ས་བབ་མཐོ་བའི་ཁར་གཉིས་ནས་གནམ་གཤིས་ཧ་ཅང་གྲང་བས་ཤིང་རིགས་སྐྱེ་འཚར་ཡག་པོ་བྱེད་མི་ཐུབ། ང་ཚོའི་ཕ་ཡུལ་གྱི་ཐོན་ཁུངས་གཙོ་བོ་ནི་ཤ་མར་ཐུད་སོགས་འབྲོག་ཟོག་ཡིན་ཞིང་། སྲིད་ཇུས་བཟང་པོའི་དྲིན་ལས་དམངས་ཀྱི་འཚོ་བ་སྔ་མོ་དང་བསྡུར་ན་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་འགྲོ་བཞིན་འདུག

    ཕ་ཡུལ་ནི་རང་ཉིད་སྐྱེས་ས་འཚར་སའི་གནས་ཁྱད་པར་བ་ཞིག་ཡིན་པས། ཁྱེད་རང་ཕ་ཡུལ་ལ་མི་དགའ་ན། ཅི་ཞིག་ལ་དགའ།

    ལྷ་མོ་ཆོས་སྒྲོན། (བརྒྱད་པའི་དང་པོ)

    དཔྱིད་ཀ་སླེབས་བྱུང་། ནམ་དུས་བཞིའི་ནང་ནས་དཔྱིད་ཀ་ནི་ནམ་དུས་ཡག་ཤོས་ཤིག་ཡིན། སྤྲིན་དཀར་ཚོམ་བུའི་མཛེས་པའི་ཉམས་དང་། སྔོ་ཞིང་འཇམ་པའི་རྩྭ་ཐང་། མཚར་སྡུག་ཡིད་དུ་འོང་བའི་རྩྭ་ཐང་གི་བུ་མོ། གཡང་དཀར་ལུག་ཁྱུའི་འབའ་སྒྲ གནག་ཕྱུགས་ནོར་གྱི་ངུར་སྒྲ་སོགས་ཀྱིས་རྩྭ་ཐང་གི་དཔྱིད་ཀར་གསོན་ཤུགས་གསར་པ་རེ་སྟེར་བཞིན་མཆིས།

    གངས་རིའི་ལྗོངས་ཀྱི་དཔྱིད་དཔལ་འདི་ལྟ་སྟེ། ཆུ་བོས་ལྷུང་ལྷུང་སྙན་པའི་སྒྲ་སྒྲོག་ཅིང་། རྩྭ་ལྗང་གསར་པས་མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་འདུག་ལ། ད་དུང་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་གང་འདོད་ངང་རྩྭ་ཆུར་རོལ་བཞིན་འདུག སྔོ་བསངས་ཀྱི་ནམ་མཁའ་ལྷག་པར་སྔོ་ལ། མཐོ་ཞིང་བརྗིད་པའི་རི་བོ་དེ་བས་མཐོ། དྭངས་གཙང་གི་ཆུ་ཕྲན་སྔར་བས་དྭངས་ཤིང་གཙང་། དཔྱིད་དུས་སུ་སོ་ནམ་པས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་སྔ་ཕྱི་རྩོད་པ་བཞིན་ཞིང་ནང་དུ་ལུད་སྐྱེལ་བ་དང་། ཆུ་གཏོང་བ། ས་བོན་འདེབས་པ་སོགས་ལ་རབ་ཏུ་བྲེལ།

    དཔྱིད་རླུང་དྲོན་མོ་ནི་དཔྱིད་ཀྱི་དགའ་སྟོན་བསུ་བའི་ཕོ་ཉ་ཡིན། དཔྱིད་རླུང་དྲོན་མོས་དགུན་གྱི་གྲང་ངར་ཕར་ལ་དེད་ཅིང་། ལྷད་མེད་དྭངས་གཙང་གི་དཔྱིད་དཔལ་ཚུར་ལ་བསུས། དཔྱིད་རླུང་སིལ་སིལ་ལྡང་བྱུང་། དཔྱིད་ཀ་ག་ལེར་སླེབས་བྱུང་། དཔྱིད་ཀྱི་དཔལ་མོ་བཞད་་བྱུང་།

    སྤེན་པ་སྒྲོལ་དཀར། (བརྒྱད་པའི་དང་པོ)

    དཔྱིད་ཀ་ནི་སོ་ནམ་པ་རྣམས་ས་ནག་དང་འཐབ་པའི་ནམ་དུས་ཤིག་ཡིན། དཔྱིད་ཀར་སོ་ནམ་པ་རྣམས་ཀྱིས་རྟག་ཏུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་ངང་ལས་ཀར་འབད་བཞིན་ཡོད། ད་དུང་དཔྱིད་ཀ་སླེབས་པ་ན་གཉིད་དུ་ཡུར་བའི་སྲོག་ཆགས་རྣམས་གཉིད་ལས་སད་པར་བྱེད།

    དཔྱིད་ཀ་སླེབས་དུས་ང་རང་གི་མཛེས་པའི་ཕ་ཡུལ་དེ་ཡང་ཡང་ཡིད་ལ་དྲན་པ་མ་ཟད། ཕ་ཡུལ་གྱི་མི་རྣམས་ཀྱང་ཧ་ཅང་དྲན། ངའི་ཕ་ཡུལ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་ལ། དཔྱིད་ཀ་སླེབས་ན་དེ་བས་མཛེས་ཤིང་ལྟ་ན་སྡུག དྭངས་གཙང་གི་ཆུ་ཕྲན་དང་ད་དུང་རྔམ་བརྗིད་ཀྱི་རི་བོ། དེ་བཞིན་ཡིད་དུ་འོང་བའི་སྔོ་ལྗང་རྩྭ་ཐང་བཅས་ནི་ངའི་འདྲེན་བྱེད་ལམ་དུ་ཡང་ཡང་དུ་འཆར་བར་བྱེད། དཔྱིད་དུས་གནམ་གཤིས་དྲོ་གྲང་སྙོམ་པས་མི་རྣམས་ལ་ལུས་ཁམས་བདེ་བའི་ཚོར་སྣང་སྟེར་གྱིན་ཡོད། དཔྱིད་ཀ་སླེབས་ན་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་བཞིན་པའི་ཡུལ་མི་རྣམས་དཀའ་ལས་ཤིན་ཏུ་ཁག་པོ་ཡོད་མོད། ཡིན་ནའང་ཁོང་རྣམས་ཀྱིས་དཀའ་ངལ་ལ་འཚེར་སྣང་ཏོག་ཙམ་ཡང་མེད་པར་རྨོ་འདེབས་ལས་ཀར་འབད་བཞིན་མཆིས།

    དཔྱིད་ཀའི་དུས་སུ་མི་ཚང་མ་ལྷོད་པོའི་ངང་སྡོད་པའི་ཁོམ་པ་ཞིག་གང་ན་ཡོད། ཚང་མས་ལས་ཀའི་སྐོར་གླེང་གིན་ལས་ཀ་ལ་དབྱིངས་ཚུད་བཞིན་ཡོད། དཔྱིད་ཀ་ནི་ང་ཡི་ངོས་ནས་བཤད་ན་དགའ་སྤྲོ་དང་ལྡན་པ་ཞིག་ཡིན་ཞིང་། ཕ་ཡུལ་གྱི་སོ་ནམ་པ་རྣམས་བྲེལ་བ་ཚ་ཤོས་ཀྱི་དུས་ཚིགས་ཁྱད་པར་བ་ཞིག་ཀྱང་ཡིན། དཔྱིད་ཀ་སླེབས་རིམ་བཞིན་མཛེས་པའི་ཕ་ཡུལ་དང་ལས་ལ་བྲེལ་བའི་ཕ་མ་སྤུན་མཆེད་ཡིད་ནས་ལྷང་ལྷང་དུ་དྲན་པར་བྱེད།

    དངོས་གྲུབ་མཚོ་མོ། (བརྒྱད་པའི་དང་པོ)

    དཔྱིད་ཀ་ཁ་ཁུ་སིམ་སིམ་ངང་ནས་སླེབས་བྱུང་། ང་ཡི་མིག་ལམ་དུ་སྔོ་ལྗང་རྩྭ་ཐང་། ཞིང་པ་རྣམས་ཀྱིས་རྨོས་འདེབས་པ། ཕྲུ་གུ་རྣམས་ཀྱིས་ཆུ་རྩེད་རྩེ་བ་སོགས་ཀྱི་སྣང་ཚུལ་པར་རིས་བཞིན་འཆར་བར་བྱེད།

    ཕ་ཡུལ་གྱི་ནམ་དུས་བཞིའི་ཡུལ་ལྗོངས་ནི་ཡི་གར་འོང་བ་དང་། ལྷག་པར་དུ་དཔྱིད་ཀ་ནི་ཆེས་མཛེས་པའི་ནམ་དུས་ཤིག་ཡིན། དཔྱིད་དུས་ཆར་པ་སིམ་སིམ་རེ་ཡང་ཡང་འབབ་པར་བྱེད་པས། རི་བོ་དང་། རྩྭ་ཐང་། ཞིང་ཐང་ཐམས་ཅད་སྣུམ་ཤིག་ཤིག་ཏུ་གྱུར་ཅིང་། རྩྭ་ཐང་དུ་ལུག་ཁྱུ་དག་དགའ་བས་རྩྭ་ཆུར་རོལ་བའི་རྣམ་པ་ནི་སྔོ་ལྗང་གི་གདན་སྟེང་དུ་རབ་དཀར་མུ་ཏིག་གི་ཕྲ་རྒྱན་བཏབ་པ་དང་ཀུན་ནས་མཚུངས། དེ་བས་དཔྱིད་ཀྱི་མཁའ་རླུང་ཡང་བརླན་གཤེར་ཅན་དུ་གྱུར་ནས་སྲོག་ལྡན་ཀུན་ལ་བདེ་སྣང་ཚད་མེད་སྟེར།

    ནམ་དུས་དཔྱིད་ཀ་ནི་འདི་འདྲའི་མཛེས་པ་ལ་ཨང་། དྭངས་གཙང་གི་ཆུ་མོ་ཤང་ཤང་དུ་རྒྱུགས་ཤིང་སྐྱིད་པའི་བྲོ་གར་འཁྲབ་པ་དང་། སྣ་ཚོགས་བྱ་དང་བྱིའུས་སྐྱིད་པའི་གླུ་དབྱངས་ལེན་པ། དྲི་བཞོན་རླུང་གི་འགྲོས་ལ་བརྟེན་པའི་རྩྭ་རྩི་ཤིང་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་འཕྱོ།

    དཔྱིད་ཀ་ཁ་ཁུ་སིམ་སིམ་ངང་ནས་སླེབས་བྱུང་། དཔྱིད་ཀྱི་མཛེས་པས་ང་རང་རྨོངས་གཉིད་ལས་སད་དེ་དཔྱིད་ཀྱི་དཔལ་ཡོན་ལ་ཅི་དགར་ལོངས་སྤྱོད་བྱེད་དུ་བཅུག་བྱུང་། ང་རང་དཔྱིད་ཀ་ལ་དགའ། ང་རང་དཔྱིད་ཀ་ལ་ཧ་ཅང་དགའ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།