སློབ་མ་ཞིག་ལ་མཚོན་ན། སློབ་ཆུང་གི་དུས་མཚམས་ནི་རྨང་གཞི་ཡག་པོ་འདིང་ཐུབ་མིན་དང་གོམས་གཤིས་ཡག་པོ་འཇགས་ཐུབ་མིན་གྱི་འགག་རྩའི་དུས་མཚམས་ཤིག་ཡིན་པས། སློབ་མར་སློབ་སྦྱོང་གི་དགའ་མོས་དང་སློབ་སྦྱོང་གི་གོམས་གཤིས་སྐྱེད་སྲིང་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེར་བརྟེན་ཁོ་བོས་སློབ་ཁྲིད་ཀྱི་ཉམས་མྱོང་དང་འབྲེལ་ནས་སློབ་སྦྱོང་གི་དགའ་མོས་དང་སློབ་སྦྱོང་གི་གོམས་གཤིས་སྐྱེད་སྲིང་བྱས་པའི་ཕན་ནུས་དང་། སྐྱེད་སྲིང་བྱ་ཐབས་སྐོར་ནས་ཅུང་ཟད་གླེང་བར་བྱའོ།
དང་པོ། སློབ་སྦྱོང་གི་དགའ་མོས་སྐྱེད་སྲིང་ཐུབ་པའི་ཕན་ཡོན།
འཇིག་རྟེན་བྱ་བ་ཅི་ཞིག་ཡིན་རུང་། དེར་དགའ་མོས་ལྡན་ཚེ་རང་ཉིད་ཀྱིས་འབད་བརྩོན་བརྟེན་ངེས་ཡིན་ཞིང་། འབད་བརྩོན་བརྟེན་པ་ལས་མཐར་གྲུབ་འབྲས་བཟང་པོ་ཞིག་ཐོབ་ངེས་རེད། དཔེར་ན་ཕྲུ་གུ་ཞིག་གིས“ང་ཤིང་བཟོ་སྦྱོང་རྒྱུར་དགའ་པོ་ཡོད། འོན་ཏེ་ཕ་མ་གཉིས་ཀྱིས་རྒྱུ་མཚན་མང་པོ་དྲངས་ཏེ་ང་རང་འཚེམ་བུ་སྦྱོང་དུ་བཅུག་པས། ད་ཆ་འཚེམ་བུའང་ཡག་པོ་དེ་ཙམ་ཤེས་ཀྱི་མེད”ཅེས་བརྗོད་པ་ལྟར་དགའ་མོས་མེད་པའི་ལས་ལ་ཨུ་ཚུགས་ཀྱིས་འཇུག་ཏུ་བཅུག་ན་དེར་གྲུབ་འབྲས་ལེགས་པོ་ཞིག་ཐོན་གྱི་མེད། དགའ་མོས་ལྷག་པར་ཆེ་བའི་ལས་དོན་ཞིག་ལ་ཁ་ཕྱོགས་ཐུབ་ན་དེར་འབྲས་བཟང་སྨིན་ངེས་པ་རྒྱལ་ཁབ་ཕྱི་རྒྱལ་ནང་གི་གྲགས་ཅན་མི་སྣ་མང་པོའི་ལུས་ཐོག་ནས་ཤེས་ཐུབ། དེ་བཞིན་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་ནང་དགའ་མོས་ནི་དེ་བས་ཀྱང་ཕན་ནུས་ཆེ་བར་སེམས། སློབ་ཆུང་དུས་སྐབས་ནི་སློབ་མའི་ཕྱོགས་མང་པོར་རྨང་གཞི་འདིང་བའི་འགག་རྩའི་དུས་མཚམས་ཤིག་ཡིན་པས། དགའ་མོས་ལས་སློབ་ཁྲིད་ཀྱི་ཚོགས་ཐུན་གཅིག་ཏུའང་སྤྲོ་སྣང་སྟེར་ངེས་པས་དེ་མཐུན་གྱི་འབྲས་བུ་ཞིག་ཀྱང་ཐོབ་ངེས་རེད། དགེ་རྒན་ཞིག་ལ་སློབ་མ་ཚོས་དགའ་མོས་སྐྱེ་འོས་པའི་འཇོན་ཐང་ཞིག་ལྡན་ཚེ། སློབ་ཕྲུག་ཚོར་གང་ཞིག་བསླབས་ཀྱང་ཤེས་བདེ་བ་གཏན་འཁེལ་རེད། ལྷག་པར་དུ་སློབ་གསོ་སློབ་ཁྲིད་ཁྲོད་བསླབ་ཚན་སྣ་མང་ལ་ཁུར་པོ་ལྕི་བས། བསླབ་ཚན་རེ་རེར་དགེ་རྒན་མི་འདྲ་བས་རང་གི་ཁྱད་ཆོས་གང་ལེགས་འདོན་སྤེལ་གྱིས་སློབ་མའི་དགའ་མོས་དང་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་ཐུབ་ན་འབྲས་བུ་ལེགས་པོ་ཐོབ་པ་སྨོས་ཅི་དགོས།
གཉིས་པ། སློབ་སྦྱོང་གི་གོམས་གཤིས་སྐྱེད་སྲིང་ཐུབ་པའི་ཕན་ཡོན།
མི་བུ་ཞིག་གི་འཚར་ལོངས་བརྒྱུད་རིམ་ནང་བཟའ་སྡོད་འགྲོ་གསུམ་དང་གུས་ཞབས་མཚོན་ལུགས་སོགས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་ཁྱིམ་ཚང་གི་ཁོར་ཡུག་དང་ཁྱིམ་ཚང་སློབ་གསོར་ཐུག་ཡོད། སློབ་གྲྭའི་རྒྱལ་སྒོ་འགྲིམ་པའི་ཉིན་ནས་བཟུང་དགེ་རྒན་གྱི་སློབ་གསོ་དང་ཕ་མའི་དོ་ཁུར་ནི་ཁོང་ཚོར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་པའི་རྨང་གཞིའི་གྲུབ་ཆ་རེད། སློབ་མར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་ཡོད་ན། སློབ་མས་རིག་གནས་ཚན་རྩལ་གྱི་ཤེས་བྱ་སྦྱོང་བར་དགའ་མོས་སླེབས་ནས་རང་འགུལ་གྱིས་ལོ་ནའི་ཁྱད་ཆོས་དང་མཐུན་པའི་རིག་ཚན་ཁག་སྦྱོང་སྲིད། དེ་ལྟའི་གོམས་གཤིས་བཟང་པོ་ལྡན་ཚེ། སློབ་སྦྱོང་གི་གནས་ལ་དཀའ་ངལ་དང་སུན་སྣང་བྲལ་ལ་སྣ་མང་ཤེས་བྱའི་གནས་ལ་ཡག་ཐོག་ཡག་བརྩེགས་དང་འབྲས་བཟང་སྨིན་པར་ཐེ་ཚོམ་མེད།
གསུམ་པ། སློབ་སྦྱོང་གི་དགའ་མོས་དང་གོམས་གཤིས་སྐྱེད་སྲིང་བྱ་ཐབས་སྐོར།
ང་ཚོ་སློབ་ཆུང་གི་དགེ་རྒན་ནི་སློབ་ཆུང་སློབ་མའི་ཕྱོགས་མང་པོའི་སློབ་སྟོན་པ་དང་འཁྲབ་ཁྲིད་པ་ལྟ་བུ་རེད་ལ། སློབ་ཆུང་སློབ་མར་སློབ་སྦྱོང་བྱ་རྒྱུར་དགའ་མོས་ཡོད་པ་དང་ཆུང་དུས་ནས་ཡ་རབས་གུས་ཞབས་དང་ཤེས་བྱ་ཅི་ལའང་སྦྱོང་འདོད་ལྡན་པའི་གོམས་གཤིས་སྐྱེད་སྲིང་ཐུབ་པ་བྱ་རྒྱུ་གལ་ཆེ་སྟེ། ཁ་དཔེར། ལྕང་གསར་གཞོན་དུས་འདྲོངས་ན་འདྲོང་པ་རེད། ལྕང་རྒན་འདྲོང་འདྲོང་མང་ན་ཆག་པའི་ཉེན། ཞེས་པ་ལྟར་ཡིན་པས་གཤམ་ལ་ཉམས་མྱོང་གིས་ཕྱུག་པའི་དགེ་བའི་བཤེས་གཉེན་ཚོའི་སློབ་ཁྲིད་ཀྱི་ཐབས་ཤེས་དང་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་སློབ་མའི་སློབ་སྦྱོང་གི་དགའ་མོས་དང་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱ་ཐབས་འགའ་བརྗོད་ན།
གཅིག དགེ་རྒན་རང་ཉིད་ལ་སློབ་མའི་ཡིད་དབང་འགུག་པར་ནུས་པའི་རིག་གནས་ཆུ་ཚད་ཡོད་དགོས།
སློབ་མའི་རྒྱུད་ལ་དགེ་རྒན་རང་ཉིད་ནི་ཤེས་བྱས་ཕྱུག་པའི་མི་ཞིག་ཡིན་པའི་ཚོར་སྣང་ཞིག་སྦྱིན་མ་ཐུབ་པའི་ཁར་སློབ་ཁྲིད་བྱེད་སྐབས་དགེ་རྒན་རང་ཉིད་ལ་མ་ཤེས་པའི་ཆ་མང་པོ་ཐོན་ཞིང་། གནད་དོན་མང་པོར་དོགས་པས་ཁེངས་ན། དགེ་རྒན་དེའི་དྲུང་ནས་ཤེས་བྱ་དེ་ཙམ་ཤེས་ཐུབ་པ་མི་འདུག་སྙམ་པའི་བློ་ཞིག་་སློབ་མར་རང་ཤུགས་སུ་སྐྱེ་བས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་རྒྱུ་མཚམས་འཇོག་རྒྱུ་མེད། སློབ་མའི་མིག་དཔེར་འགྱུར་བར་བྱེད་པ་ནི་སློབ་མ་ཚོས་རང་གི་འཁྲིད་བྱའི་ནང་དོན་ལ་དགའ་མོས་སླེབས་པའི་རྨང་གཞི་གལ་ཆེན་ཞིག་རེད།
གཉིས། དགེ་རྒན་གྱི་སློབ་ཁྲིད་ཀྱི་ནུས་རྩལ་གོང་འཕེལ་གཏོང་དགོས།
སྐར་མ་བཞི་བཅུའི་སློབ་ཁྲིད་ཀྱི་ཚོགས་ཐུན་རེ་རེར། རང་ཉིད་ཀྱི་སྐད་ཆ་ཤོད་སྟངས་ལ་སྣང་འཇོག་དང་། སློབ་མར་ལན་འདེབས་ཀྱི་ཁོར་ཡུག་བསྐྲུན་པ། དེ་བཞིན་སློབ་ཚན་རེ་རེའི་དབྱེ་ཞིབ་ཀྱི་བརྒྱུད་རིམ་སོགས་ལ་ང་ཚོ་རང་ཉིད་ཀྱི་རིག་པ་སྐྱེན་པོ་ཞིག་དང་། ཁ་གསལ་པོ་ཞིག བྱིས་པའི་ལོ་ཚད་དང་མཐུན་པའི་ཐབས་ཤེས་གང་མང་བཙལ་འཚོལ་དང་། འཁྲུག་ཆ་དོད་ཅིང་སྤྲོ་སྣང་ལྡན་ལ་བྱིས་པ་ཚོ་ཡིད་དབང་འཕྲོག་པ་ཞིག་ཡོང་རྒྱུར་ཧུར་བརྩོན་དང་གྲ་སྒྲིག་ཡོད་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། ང་ཚོས་སློབ་ཁྲིད་ཀྱི་བྲེལ་ཟིང་ཁྲོད་སྐབས་འགར་འཁྲིད་ཟིན་རྒྱག་རྒྱུ་རྗེས་སུ་ལུས་པ་ལྟ་བུའི་གནས་ཚུལ་གྱིས་སློབ་ཁྲིད་དངོས་ལ་འཇུག་སྐབས་རང་ཉིད་ཀྱང་སློབ་མ་དང་མཉམ་དུ་བསླབ་ཚན་ཞིག་གསར་དུ་སྦྱོང་བའི་གོམ་པ་མཉམ་བགྲོད་བྱེད་དགོས་འཁེལ་ཚེ། ང་ཚོས་ཁོང་ཚོར་གུ་ཡངས་ཤིང་གསོན་ཉམས་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་ཇི་ལྟར་བསྐྲུན་ཐུབ། དེར་བརྟེན། སློབ་ཚན་ཅི་ཞིག་བསླབས་ཀྱང་དེའི་ནང་དོན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་ལེགས་པར་བྱེད་པ་དང་། སློབ་མའི་གོ་རྟོགས་ལ་དཔགས་པའི་དཔེར་བརྗོད་འགོད་པ་སོགས་བྱེད་ཐུབ་ན་སློབ་མས་གཞི་ནས་སློབ་ཚན་ཉན་རྒྱུར་དགའ་མོས་སླེབས་ཐུབ།
གསུམ། སློབ་མས་དགེ་རྒན་ལ་བརྩི་འཇོག་བྱེད་དགོས།
སློབ་མས་རང་ཉིད་ཀྱི་སློབ་ཁྲིད་ལ་དགའ་མོས་སླེབས་པར་དང་ཐོག་སློབ་མས་དགེ་རྒན་དེར་བརྩི་འཇོག་སླེབས་པ་དགོས་ཏེ། རྒྱུན་དུ་སློབ་མའི་བསམ་པ་དང་མཐུན་པའི་སྐད་ཆ་ཤོད་ཤེས་པ། དེ་བཞིན་འདྲི་གཞི་ཞིག་ལ་སློབ་མ་ཚོ་ཧ་ལས་དགོས་པ་དང་དད་གུས་སྐྱེ་འོས་པའི་ལན་འདེབས་ཐུབ་པ་དགོས། ལྷག་པར་དུ་སློབ་ཆུང་སློབ་མའི་ངོས་ནས་བརྗོད་ན་བསྟོད་བསྔགས་དང་སྐུལ་ལྕག་ལ་བརྟེན་ནས་སློབ་གསོ་ཁྲིད་སྟོན་བྱེད་པ་དེ་སྐྱོན་བརྗོད་ལས་ནུས་པ་ལེགས་པར་ཐོན་པས། ང་ཚོས་བསྟོད་བསྔགས་དང་སྐུལ་ལྕག་གཙོ་བོར་བཟུང་ནས་སློབ་མས་རང་གིས་རང་ལ་ཡིད་ཆེས་ཐུབ་པའི་བསམ་པ་སྐྱེད་སྲིང་ཐུབ་པ་དགོས། སློབ་མའི་ལེགས་ཆ་གང་ལེགས་སྔོག་འདོན་བྱས་ནས་དེར་བསྟོད་བསྔགས་དང་སྐུལ་མ་གཏོང་ཤེས་པ་བྱ་རྒྱུ་གལ་ཆེ། དེར་བརྟེན་ང་ཚོས་ཐབས་ཤེས་སྣ་ཚོགས་འདོན་སྤེལ་གང་ཐུབ་ཀྱིས་སློབ་མའི་སློབ་སྦྱོང་གི་དགའ་མོས་དང་གོམས་གཤིས་གསོ་སྦྱོང་ལ་འབད་པ་ལྷུར་ལེན་བྱེད་དགོས།
བཞི། སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་དོན་དག་ཆུང་ཙག་ནས་འགོ་བརྩམས་ཏེ་གོམས་གཤིས་བཟང་པོ་སློབ་དགོས།
སློབ་མའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོའི་འོས་འགན་རེད་ལ་སློབ་གསོའི་དམིགས་ཡུལ་ཡང་རེད། སློབ་སྦྱོང་གི་རྣམ་འགྱུར་ལེགས་ལ། སློབ་གྲྭའི་སྒྲིག་སྲོལ་ལ་སྲུང་བརྩི་ཐུབ་པ། འཛིན་གྲྭའི་ནང་ངལ་རྩོལ་ལ་འབད་ཐུབ་པ་སོགས་ནི་སློབ་ཆུང་སློབ་མ་ཞིག་ལ་ལྡན་དགོས་ངེས་ཀྱི་གོམས་གཤིས་བཟང་པོ་ཞིག་རེད། རྣམ་ཀུན་འཛིན་གྲྭ་ཞིག་གི་སློབ་མ་མང་ཆེ་བར་གོམས་གཤིས་བཟང་པོ་དེ་དག་ལྡན་ཡོད་ན། དེ་ནི་འཛིན་གྲྭ་གང་དེའི་དགེ་རྒན་གྱིས་སློབ་མའི་གོམས་གཤིས་བཟང་པོ་གསོ་སྦྱོང་ཐད་དོན་དག་ཆུང་ཙག་ནས་དོ་སྣང་དང་དེ་དག་དུས་ཐོག་ཏུ་ལེགས་པར་བསྒྲུབས་པ་ལས་བྱུང་བའི་འབྲས་བུ་ཉག་ཅིག་ཡིན་པས། ང་ཚོས་རྣམ་ཀུན་ནས་རང་ཉིད་ཀྱི་སྡོད་སར་གད་སྙིགས་ཡོད་པ་མཐོང་དུས་ལམ་སེང་སྒྲུག་མཁན་གྱི་སློབ་མ་མཐོང་ན་དེར་ལམ་སེང་སྐུལ་ལྕག་བཏང་ནས་གོམས་གཤིས་དེ་ནི་བཟང་པོ་ཞིག་ཡིན་ལུགས་ནན་བཤད་ཐུབ་ན། སློབ་མ་གཞན་ཚོར་མིག་དཔེ་བཟང་པོ་སྟོན་ཐུབ་པ་དང་སློབ་མ་གཞན་གྱིས་ཀྱང་དེ་ལ་མིག་དཔེ་ལྟ་བའི་བསམ་པ་ཡང་སྐྱེ་སྲིད། ལྷག་པར་དུ་སློབ་ཚན་གོང་དུ་གྲ་སྒྲིག་ཡག་པོ་བྱེད་པ་དང་། རང་ཉིད་ཀྱི་སློབ་སྦྱོང་ཡོ་བྱད་བསྡུ་གསོག་ཡག་པོ་རྒྱག་པ། འཛིན་གྲྭའི་སྤྱི་པའི་དངོས་རྫས་ལ་བདག་གཅེས་བྱེད་པ་སོགས་གོམས་གཤིས་བཟང་པོ་དེ་རིགས་འཛིན་གྲྭ་ཡོངས་ཀྱི་སློབ་མ་ཚོར་འཇགས་པར་འབད་པ་ལྷུར་ལེན་བྱེད་དགོས་པ་ནི་སློབ་མའི་གོམས་གཤིས་གསོ་སྐྱོང་ཐད་ཀྱི་གནད་གལ་ཆེན་ཞིག་རེད་སྙམ།
(ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་རྒྱལ་མཚན་ཡེ་ཤེས)