དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-19

    རྩོམ་འབྲི་ནི་རང་ཉིད་ཀྱིས་འཇིག་རྟེན་ཐོག་གི་བྱ་དངོས་གང་རུང་ལ་བཅངས་པའི་དགའ་སྐྱོ་ཆགས་སྡང་གི་བསམ་ཚུལ་དེ་གཞན་ལ་ངོ་སྤྲོད་བྱ་བྱེད་ཀྱི་ཡིག་ཐོག་གི་ལམ་བུ་མེད་དུ་མི་རུང་བ་ཞིག་རེད་ལ། རྩོམ་འབྲི་ནི་ཡི་གེའི་ཐོག་ནས་བསམ་བློ་མཚོན་པ་ཡིན་པས་དོན་དངོས་ཐོག་དེ་ནི་བསམ་བློའི་མངོན་ཚུལ་ཞིག་ཀྱང་རེད། ཡིན་ནའང་སློབ་མ་མི་ཉུང་བ་ཞིག་གིས་ངོས་ནས་བརྗོད་ན། རྩོམ་ཡིག་འབྲི་རྒྱུ་དེ་སྦྱོང་ཚན་དཀའ་ལས་ཁག་ཤོས་སམ། ཡང་ན་ཁྲལ་ཞིག་ཏུ་བརྩི་བ་ལས་རང་འགུལ་གྱིས་རྩོམ་ཡིག་འབྲི་བའི་སེམས་ཤུགས་དེ་ཙམ་ཆེན་པོ་མེད།

    དེའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་མས་རྩོམ་ཡིག་འབྲི་རྒྱུ་དེ་ཁུར་པོ་ལྗིད་པོ་ཞིག་ཏུ་བརྩི་བ་ལས་དེར་སྤྲོ་བ་མི་འཕེལ་བས་རེད། དེར་བརྟེན། སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་དགོས་ན། དང་ཐོག་སློབ་མས་རྩོམ་ཡིག་འབྲི་རྒྱུར་དགའ་པོ་ཡོང་བ་བྱེད་དགོས། དེ་ཡང་དུས་རྒྱུན་ང་ཚོས་སློབ་མ་ཚོས་བྲིས་པའི་རྩོམ་ཡིག་ལ་བསྔགས་བརྗོད་མང་ཙམ་བྱེད་པ་དང་། ཕུལ་བྱུང་གི་རྩོམ་ཡིག་འགའ་རེ་དུས་དེབ་ཐོག་འོས་སྦྱོར་བྱེད་ཐུབ་ན་སློབ་མའི་རྩོམ་ཡིག་འབྲི་བའི་སེམས་ཤུགས་ཇེ་ཆེར་འཕེལ་ནས་རྩོམ་ཡིག་འབྲི་བའི་སྤྲོ་སྣང་རང་བཞིན་གྱིས་ཇེ་ཆེར་འགྲོ་རྒྱུ་རེད། དགའ་ཕྱོགས་ནི་དགེ་རྒན་བཟང་ཤོས་ཡིན་ཞེས་པ་ལྟར་རྩོམ་ཡིག་འབྲི་རྒྱུར་སྤྲོ་བས་འཇུག་ཐུབ་པ་ནི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་ཐུབ་པའི་གོམ་པ་དང་པོ་དེ་ཡིན། འོ་ན་ང་ཚོས་ཇི་ལྟར་བྱས་ནས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་དགོས་ཤེ་ན། གཤམ་གྱི་གནད་དོན་འགར་སྣང་འཇོག་བྱེད་དགོས།

    དང་པོ། བྱ་དངོས་ལ་དབྱེ་ཞིབ་བྱས་ནས་དཔྱད་གཞི་གསོག་འཇོག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

    རྩོམ་ཡིག་ནི་འཇིག་རྟེན་ཐོག་གི་བྱ་དངོས་གང་རུང་ལས་མཐོང་ཐོས་མྱོང་གསུམ་གྱི་དྲན་ཤེས་དེ་ཡིག་ཐོག་ལ་སྤེལ་བ་ཞིག་རེད། ང་ཚོའི་སློབ་མ་མི་ཉུང་བ་ཞིག་གིས་བྱ་དངོས་ལ་དབྱེ་ཞིབ་ཟབ་མོ་མ་བྱས་པའི་རྐྱེན་གྱིས་རྩོམ་ཡིག་འབྲི་སྐབས་འབྲི་བྱའི་ནང་དོན་མ་རྙེད་པ་དང་། སྒྲིག་གཞི་གསལ་པོ་མེད་པ། བརྗོད་སྙིང་ཁ་གསལ་མེད་པ། ཐ་ན་སློབ་མ་འགའ་རེས་རྩོམ་ཡིག་འབྲི་གིན་འབྲི་གིན་དུ་རང་ཉིད་ཀྱང་མགོ་བོ་རྨོངས་པར་གྱུར་ནས་རྩོམ་ཡིག་གི་མཇུག་བསྡུ་མི་ཐུབ་པ་སོགས་དཀའ་ངལ་དུ་མ་འཕྲད་པ་ལས་རྩོམ་ཡིག་འབྲི་བའི་སེམས་ཤུགས་ཉམས་པ་སོགས་ཡོང་གི་ཡོད། དེ་ཡང་ང་ཚོས་དུས་རྒྱུན་འཚོ་བའི་ཁྲོད་ཐོས་པ་བརྒྱ་ལས་མཐོང་བ་གཅིག་ཅེས་པ་ལྟར། ང་ཚོས་སློབ་མ་ཚོ་སྤྱི་ཚོགས་འཚོ་བ་དངོས་ལ་གང་མང་ཞུགས་སུ་འཇུག་པ་དང་། རྣམ་ཀུན་མཐོང་དཀའ་བའི་བྱ་དངོས་གང་མང་ཁོ་ཚོར་མཐོང་དུ་འཇུག་པ་དང་གོམས་འདྲིས་བྱེད་དུབཅུག་ན། ཁོ་ཚོའི་རྩོམ་འབྲིའི་ལམ་བུའི་ཁྲོད་སྐོམ་པ་ཆུ་འདོད་ལྟ་བུའི་ཕན་ཡོན་ཤུགས་ཆེན་ཐོན་སྲིད། དེའི་རྒྱུ་མཚན་ནི་ཐོས་པ་ལས་མངོན་སུམ་མཐོང་བ་དེས་བྱ་དངོས་ལ་དབྱེ་ཞིབ་ལེགས་པ་བྱེད་ཐུབ་པས་སོ།

    གཉིས་པ། ལྟ་ཀློག་གི་གོམས་གཤིས་བཟང་པོ་འཇགས་རྒྱུའི་སྐུལ་མ་གཏོང་དགོས།

    ལྟ་ཀློག་ནི་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ། སློབ་མའི་རྩོམ་འབྲིའི་དཀའ་གནད་སེལ་ཐབས་གཙོ་བོ་དེ་ཡང་ཡིན། ལྟ་ཀློག་ལས་རང་ངོས་ཀྱི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་ཐུབ་པ་མ་ཟད། སྐབས་བབས་ཀྱི་སྤྱི་ཚོགས་འཚོ་བ་དང་མིའི་བསམ་བློའི་བརྩེ་དུང་གསལ་པོར་རྟོགས་ཐུབ། དེར་བརྟེན། ལྟ་ཀློག་ནི་སློབ་མས་རྩོམ་ཡིག་འབྲི་བའི་དཔྱད་གཞི་གསོག་འཇོག་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་སྨོས་མི་དགོས་པས། ང་ཚོས་སློབ་མ་ཚོར་དཔེ་དེབ་ལྟ་ཀློག་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

    ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན་ཞེས་གསུངས་པ་ལྟར། དང་པོ་ཐོས་པ་རྒྱ་ཆེར་མ་བསག་པར་འཆད་རྩོད་རྩོམ་པའི་ལས་ལ་ཞུགས་ཐབས་མེད་ཚུལ་སྔོན་བྱོན་མཁས་པའི་བཞེད་པ་གཅིག་མཐུན་ལགས་ཤིང་། ལྟ་ཀློག་མང་པོ་བྱེད་པའི་བགྱི་བ་སྔོན་དུ་སོང་རྗེས་རིམ་པས་སྦྱང་རྩོམ་ཐུང་ཐུང་འབྲི་བ་ནས་འགོ་བཙུགས་ཏེ་རྩོམ་འབྲིའི་འཇོན་ཐང་ཆེ་རུ་གཏོང་བའི་ཁྲིད་སྟོན་བྱེད་དགོས།

    གསུམ་པ། རྩོམ་ཡིག་འབྲི་ཐབས་ཐད་མཐོང་ཆེན་བྱ་རྒྱུར་སྐུལ་མ་གཏོང་དགོས།

    རྩོམ་ཡིག་ལེགས་པོ་ཞིག་འབྲི་དགོས་ན། གོང་དུ་བཤད་ཟིན་པའི་དཔྱད་གཞི་གསོག་འཇོག་དང་། ལྟ་ཀློག་གི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པ། དང་ཐོག་མ་ཉིད་ནས་ཕྲད་དང་དག་ཆར་གཟབ་དགོས་པའི་རྨང་གཞིའི་ཐོག ད་དུང་འབྲི་ཐབས་ཐད་ཡིད་གཟབ་བྱ་རྒྱུ་ཡང་གལ་འགངས་ཆེ། རྩོམ་ཡིག་འབྲི་བའང་སྐད་ཆ་བཤད་པ་དང་འདྲ་བར། བརྗོད་ཚུལ་མི་འདྲ་བར་བརྟེན་ནས་མཐའ་འབྲས་ཀྱང་མི་འདྲ་བ་ཐོན་སྲིད། དེར་བརྟེན། རྩོམ་ཡིག་འབྲི་སྐབས་གང་དྲན་གང་བསམ་འབྲི་རྒྱུ་མེད་པར། རྩོམ་གྱི་བརྗོད་བྱ་དང་བརྗོད་དོན་གཙོ་ཕལ་དབྱེ་ཞིབ་ཟབ་མོ་བྱེད་དགོས།

    ལྟ་ཀློག་གི་གོམས་གཤིས་བཟང་པོ་འཇགས་རྗེས་དཔྱད་གཞིའི་རྒྱུ་ཆ་གསོག་འཇོག་ཡག་པོ་ཐུབ་ན་ཡང་། རྩོམ་འབྲིའི་ཐབས་ལམ་ལེགས་པོ་ཞིག་མ་ཤེས་ན་རྩོམ་ཡིག་ལེགས་པོ་ཞིག་འབྲི་དཀའ། རྩོམ་འབྲིའི་ཐབས་ལམ་ལ་བརྡ་དང་ཐ་སྙད་སྤྱོད་སྟངས་དང་། ཚིག་སྦྱོར་གྱི་སྙན་ཆ་འདོན་སྟངས་། བསམ་བློའི་ནང་དོན་མཚོན་སྟངས། སྒྱུ་རྩལ་གྱི་ཁྱད་ཆོས་མངོན་སྟངས་སོགས་ཚུད་ཅིང་། སློབ་འབྲིང་སློབ་མའི་འཚར་ལོངས་ཀྱི་ཁྱད་ཆོས་དང་མཐུན་པའི་རྩོམ་འབྲིའི་ཐབས་ལམ་ཁྲིད་སྟོན་བྱེད་དགོས།

    མདོར་ན། ང་ཚོས་སློབ་མའི་རྩོམ་ཡིག་ལ་སྣང་ཆུང་མི་བྱེད་པར་ཐབས་ལམ་མང་པོས་སློབ་མའི་རྩོམ་ཡིག་ལ་དཔྱད་བརྗོད་སྤེལ་དགོས་པ་མ་ཟད། ཚཌ་པར་དང་དུས་དེབ་ཐོག་འོས་སྦྱོར་བྱས་ནས་སློབ་མའི་སེམས་སུ་རྩོམ་ཡིག་འབྲི་རྒྱུ་དེ་ཕྲག་སྟེང་གི་ཁུར་པོ་ཞིག་ཏུ་མི་བརྩི་བར་དགའ་མོས་ཀྱིས་རྩོམ་འབྲིའི་ལག་ལེན་ཁྲོད་དུ་འཇུག་ཐུབ་ན་སློབ་མའི་རྩོམ་འབྲིའི་ནུས་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱུ་ནི་སྨོས་མེད་རེད།

    (ལྷ་ས་གྲོང་ཁྱེར་སློབ་འབྲིང་གཉིས་པ། སྤེན་པ་དབང་མོ)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།