ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་མ་འོངས་པའི་བདག་པོ་རེད། ཏང་དང་རྒྱལ་ཁབ་ཀྱིས་བྱིས་གསོ་ཁང་གི་བྱིས་པའི་སློབ་གསོར་མཐོང་ཆེན་གྱིས་ཁོ་ཚོའི་རྨང་གཞིའི་སློབ་གསོ་ཡག་པོ་ཡོང་བར་འཆར་གཞི་རབ་དང་རིམ་པ་བཀོད་ནས་གང་སྤྱིའི་ཐད་མཐུན་རྐྱེན་མང་པོ་སྐྲུན་བཞིན་ཡོད་པ་རེད།
དཀར་གཙང་ཤོག་ལྷེ་འདྲ་བའི་ལོ་ཆུང་བྱིས་པའི་སེམས་པ་ནག་ནོག་དྲི་ཡིས་མི་སྦགས་སླད། སློབ་གསོ་སློབ་སྟོན་གྱི་སྤུས་ཚད་ལེགས་པོ་དང་བྱང་ཚད་སློབ་གསོ་གཏིང་ཟབ་གཏོང་དགོས་པའི་འབོད་སྐུལ་ས་ཕྱོགས་གང་སར་གྲགས། དེས་ན་ང་ཚོ་སློབ་གསོའི་འཐབ་ས་མདུན་མར་ཡོད་པའི་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། སློབ་མའི་བསམ་སྤྱོད་ཤེས་གསུམ་ཚང་མར་རྨང་གཞི་ལེགས་པོ་ཞིག་འདིང་བར་བརྩོན་རྒྱུ་ནི་དོར་མེད་ཀྱི་འགན་འཁྲི་ལྕི་པོ་ཞིག་ཡིན་པས། རང་ཉིད་ཀྱི་ནུས་པ་གང་ལེགས་འདོན་རྒྱུ་ནི་སྨོས་མེད་ལགས། འོ་ན་ང་ཚོས་བྱིས་པའི་ཀུན་སྤྱོད་གསོ་སྐྱོང་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཁོ་བོས་རྨོངས་འཆར་དང་ལོ་མང་གི་ཉམས་མྱོང་འགའ་ཅུང་ཟད་བརྗོད་པར་འདོད།
གཅིག བྱིས་པའི་རང་གཤིས་ལ་རྒྱུས་མངའ་དང་བརྩི་བཀུར་བྱེད་དགོས།
སློབ་གསོ་ནི་མི་གཞན་ལ་གཅེས་སྐྱོང་དང་བརྩེ་བ་འཛིན་པའི་ལས་དོན་ཞིག་ཡིན་པས། ལྷག་བསམ་རྣམ་དག་གི་བརྩེ་བ་ལས་སློབ་མའི་ཤེས་རབ་ཀྱི་བློ་སྒོ་འབྱེད་ཐུབ། སྐད་གྲགས་ཆེ་བའི་སློབ་གསོ་མཁན་སུའུ་ཧུ་སི་ཅིས་ཀྱང་སློབ་གསོའི་རྟོགས་དཀའ་བའི་བྱ་བ་ཡོད་ཚད་སློབ་མར་བདག་གཅེས་སྐྱོང་གསུམ་ཇི་ལྟར་བྱེད་པ་དེ་ཡིན་ཞེས་གསུངས་པ་ལྟར་དགེ་སློབ་གཉིས་དབར་འཚོ་བ་དངོས་ཁྲོད་ཕན་ཚུན་རྒྱུས་མངའ་དང་བརྩེ་དུང་མེད་ཚེ་སློབ་གསོའི་བྱ་བ་སྤེལ་ཐབས་བྲལ། རྒྱུ་རྐྱེན་དེའི་དབང་གིས་སློབ་གསོའི་ལས་དོན་པ་ཚང་མས་རྨང་གཞི་ཞན་པའི་སློབ་མའམ་ཀུན་སྤྱོད་ཞན་པའི་སློབ་མ་གང་ཞིག་ལའང་ཕྱོགས་ལྷུང་གི་ལྟ་ཚུལ་མི་འཛིན་པར་ཤ་ཚ་དང། བདག་སྐྱོང་། ཡིད་ཆེས་དང་བཅས་ལྷག་བསམ་རྣམ་དག་ངང་ཁོ་ཚོར་འཇམ་རྩུབ་གཉིས་ཀྱི་སློབ་གསོ་རྒྱག་རྒྱུ་དང་སྐུལ་ལྕག་བྱེད་རྒྱུ་ནི་ཆེས་བཟང་བའི་ཐབས་ལམ་ཞིག་ཡིན་ལ། རྒྱུན་མཐུད་རང་བཞིན་གྱི་སློབ་གསོ་དང་། སྐུལ་ལྕག ཡིད་ཆེས་བཅས་ལས་ཁོ་ཚོ་ཡ་རབས་ཚུལ་ལྡན་གྱི་ལམ་ལ་འགྲོ་བའི་ལམ་སྣེ་སྟོན་ཐུབ།
གཉིས། བྱིས་པའི་རང་བཀུར་གྱི་བསམ་པ་གསོ་སྐྱོང་བྱེད་དགོས།
མི་སུ་འདྲ་ཞིག་ཡིན་རུང་རང་ཉིད་ལ་ཡིད་ཆེས་བརྟན་པོ་བྱེད་དགོས་པ་ནི་བྱ་བ་མཐའ་དག་ཡག་པོ་སྒྲུབ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་སྒུལ་ཤུགས་ཤིག་རེད། ཤོད་རྒྱུན་དུ་སེམས་སྡུག་གིས་མནར་བ་ནི་ཤི་བ་ལས་སྡུག་ཅེས་པ་ལྟར་སོ་སོར་གདེང་ཚོད་མེད་པ་དང་མཐོང་ཆུང་བྱེད་པ་ནི་རང་གི་རིག་སྟོབས་ཉམས་ཤིང་ཐ་ན་སེམས་ཁམས་དང་ཚེ་སྲོག་ལའང་གནོད་སྲིད་པས། ང་ཚོ་བྱིས་གསོ་ཁང་གི་བྱིས་པའི་སློབ་གསོའི་ལས་དོན་པ་ཚང་མས་དམིགས་ཡུལ་ཡོད་པ་དང་གོ་སྐབས་དམ་འཛིན་གྱིས་བྱིས་པར་གསར་གཏོད་དང་། དཀའ་སྤྱད་འབད་བརྩོན། དེ་བཞིན་བྱིས་པའི་ངག་སྒོའི་སྨྲ་བརྗོད་ཀྱི་བརྡ་སྤྲོད་དང་བསམ་བློ་བརྗེ་རེས་ཀྱི་སྤོབས་པ་སོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ་དང་། ཁོ་ཚོར་གནད་དོན་ལ་དབྱེ་ཞིབ་བྱེད་རོགས་དང་རྒྱུ་རྐྱེན་འཚོལ་རོགས་སོགས་བྱས་ན། བྱིས་པ་ཚོ་དཀའ་ངལ་ལ་མི་སྐྲག་པ་དང་རང་ཉིད་དམའ་བར་འཛིན་པའི་ལྟ་བ་འདོར་ཐུབ་ལ། སྦྱོང་བརྡར་དངོས་ལས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་གོ་རྟོགས་འཕེལ་ཐུབ་ངེས་ལགས།
གསུམ། དགེ་རྒན་གྱིས་སྐུལ་ལྕག་དང་སྣེ་ཁྲིད་ཡང་དག་བྱེད་དགོས།
དགེ་རྒན་གྱི་སྐུལ་ལྕག་ནི་བྱིས་པའི་ཡིད་ཆེས་ཇེ་ཆེར་འཕེལ་བའི་སྨན་མཆོག་ལྟ་བུ་ཡིན་པས། བྱིས་གསོ་ཁང་གི་བྱིས་པའི་བྱང་ཚད་གོང་མཐོར་གཏོང་བའི་བརྒྱུད་རིམ་ཁྲོད། རྒྱུན་དུ་དགེ་རྒན་གྱིས་སློབ་སྟོན་དང་སྐུལ་ལྕག་གང་མང་བྱས་ནས་ཁོ་ཚོའི་བརྩོན་སེམས་ཀྱི་བསམ་པ་ནམ་ཡང་མི་ཉམས་པར་བྱེད་དགོས།
དྲང་བདེན་ནི་བྱིས་པའི་ཡིད་ཆེས་ཐོབ་པའི་ཟམ་པ་ལྟ་བུ་ཡིན་པས་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། བདེན་པ་བདེན་ཐུབ་དང་དྲང་པོ་དྲང་གཞག་ངང་གནད་དོན་ཐག་གཅོད་ཡོང་བར་འབད་རྒྱུ་དང་ཞི་འཇམ་ཐབས་མཁས་ལ་བརྟེན་ནས་བྱིས་པ་ཚང་མ་རང་ཉིད་ཀྱི་བུ་ཕྲུག་བཞིན་གཅེས་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
ད་དུང་ལོ་ཆུང་བྱིས་པའི་ངོས་ནས་བརྗོད་ན། འགྲན་སེམས་དང་ང་རྒྱལ་ཡོད་སྲིད་པས། ང་ཚོས་ངར་ཤ་སློང་ཐབས་ཅུང་ཟད་སྤྱད་ནས་རིག་སྟོབས་ཞན་པ་ཞེས་པའི་ཐ་སྙད་དེ་སྦས་ནས་ལེ་ལོ་དང་། སྒྱིད་ལུག ལྷོད་གཡེང་སོགས་ལས་བྱུང་བའི་འགལ་རྐྱེན་སྣ་ཚོགས་གསལ་སྟོན་བྱས་ཏེ། བྱིས་པ་སོ་སོར་ཡིད་ཆེས་དང་། སྙིང་སྟོབས། རྒྱལ་ཁའི་སེམས་ཤུགས་བཅས་སྦྱིན་པའི་སློབ་གསོ་དང་དཔེ་སྟོན་གྱི་སྒྲུང་དང་གོ་བདེ་བའི་གཏམ་དཔེ་སོགས་དྲངས་ནས་ཁོ་ཚོའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་སེམས་ཤུགས་དང་ཡིད་ཆེས་བརྟན་དུ་གཏོང་དགོས། དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས“ཉིན་རེའི་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང”ཞེས་གསུངས་པ་ལྟར་ང་ཚོས་དཀའ་ངལ་ཁྱད་དུ་བསད་ནས་སློབ་གསོའི་བྱ་གཞག་གོང་འཕེལ་འགྲོ་བའི་ཕྱིར་འབད་བརྩོན་བྱས་ནས་ང་ཚོའི་མ་འོངས་པའི་བདག་པོ་སྐྱེད་སྲིང་ཡག་པོ་བྱེད་དགོས།
བཞི། དགེ་རྒན་རང་ཉིད་ཀྱིས་དཔེ་སྟོན་ཡང་དག་བྱེད་དགོས།
བྱིས་གསོ་ཁང་གི་དགེ་རྒན་ནི་བྱིས་པའི་མིག་དཔེ་ལྟ་ས་རེད། ང་ཚོ་བྱིས་པའི་དགེ་རྒན་ཚང་མས་བྱིས་པའི་བྱ་སྤྱོད་དང་། སྐད་ཆ། འཚོ་བ་བཅས་ལ་རྒྱུས་མངའ་ལོན་གང་ཐུབ་ལ་འབད་དེ་བྱིས་པའི་སེམས་ཁམས་དང་མཐུན་པ་དང་། དགའ་སྣང་སྐྱེས་སླ་བ། བགྲོ་གླེང་བྱེད་བདེ་བ་སོགས་ཀྱི་ཐོག་ནས་བྱིས་པར་མིག་དཔེ་སྟོན་དགོས། དགེ་རྒན་དང་བྱིས་པ་ནི་ཆུ་དང་ཉ་མོ་ལྟར་གཅིག་ལ་གཅིག་རྟེན་བྱེད་དགོས་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བྱིས་པའི་འཚོ་བ་དངོས་དང་འབྲེལ་འདྲིས་མང་ཙམ་བྱས་ཏེ་ཕ་མ་ལྟ་བུའི་འདུ་ཤེས་བཟུང་ནས་ཁོ་ཚོའི་རང་གཤིས་ལ་རྒྱུས་མངའ་དང་བརྩི་འཇོག་བྱེད་པའི་ཁར་ཕན་ཚུན་བརྩེ་སེམས་ཟབ་མོ་འཆང་དགོས།
བྱིས་གསོ་ཁང་ནི་དགེ་རྒན་དང་བྱིས་པའི་ཁྱིམ་ཚང་ལྟ་བུ་ཡིན་པས། དགེ་རྒན་ཚང་མས་བུ་བཅོལ་ཁང་གི་སྤྱི་རྫས་ལ་མིག་མཐོང་ལག་ཟིན་གྱིས་བདག་གཅེས་དང་། ཁོ་ར་ཁོར་ཡུག་ལ་གཙང་སྦྲ་དང་མཛེས་པོ་ཡོང་བར་འབད་ནས་བྱིས་པར་ཁྱིམ་ལ་སླེབས་པ་ལྟ་བུའི་སྣང་བ་ཞིག་སྦྱིན་དགོས་ལ། ཁོ་ཚོར་ཡང་གང་སར་དོ་སྣང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས། དེ་ལྟར་བྱུང་ཚེ་ཁོ་ཚོར་ཁ་ནས་བཤད་པ་དོན་དངོས་སུ་ཉམས་ལེན་བྱུང་ནས་ཕྱིས་འབྱུང་གི་ལས་ཀ་དང་སྦྱང་བྱར་དོ་སྣང་བྱ་ངེས་ལ། འཚོ་བ་དངོས་ཀྱི་ནང་ལའང་བློ་ནུས་སྟོབས་གསུམ་འདོན་པའི་དཔེ་སྟོན་གྱི་སློབ་གསོ་ཐེབས་ངེས་པས། བྱང་ཚད་ལའང་མངོན་མེད་ཀྱི་ཡར་རྒྱས་ཤིག་ཡོང་བར་གདོན་མི་ཟའོ།
(གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བྱིས་གསོ་ཁང་དང་པོའི་བསོད་ནམས་བདེ་སྐྱིད)