ཡུན་རིང་ཉལ་བའམ་ཡང་ན་ཙོག་པུར་བསྡད་ནས་ཧོབ་སྟེ་ཡར་ལང་དུས། ནག་ཐུམ་མེར་གྱུར་ནས་མགོ་ཡུ་འཁོར་ཏེ་འགྱེལ་གྲབས་བྱེད་ཀྱི་ཡོད། ཡིན་ནའང་སྐར་མ་ཁ་ཤས་སོང་རྗེས་གཞི་ནས་དྲག་གི་ཡོད།
འདི་ནི་རྒྱུན་དུ་མཐོང་མང་བའི་ཁྲག་ཤེད་དམའ་བའི་ནད་རེད། དེ་ཟུངས་ཁྲག་ཉམས་པ་དང་གཅིག་པ་མིན་པར། ཁྲག་ཤེད་དམའ་དྲགས་པའི་རྐྱེན་གྱིས་ཀླད་པར་ཁྲག་འཁོར་རྒྱུག་མི་ཐུབ་པ་ལས་བྱུང་བ་ཞིག་རེད།
ཡུན་རིང་པོ་ཙོག་པུར་སྡོད་པའམ་ཡང་ན་རྐུབ་བཙུགས་ནས་སྡོད་དུས་ཁྲག་འཁོར་རྒྱུག་མི་ཐུབ་པས། ཧོབ་སྟེ་ཡར་ལང་དུས་ལུས་སྨད་ཀྱི་ཁྲག་རྩ་འགགས་པ་དག་ལ་ཧོབ་སྟེ་ཁྲག་རྒྱུགས་ནས་ལུས་པོ་ཡོངས་ཀྱི་ཁྲག་ལམ་སེང་སྐེད་པ་དང་རྐང་པར་རྒྱུགས་ཡོང་བར་བརྟེན། ལུས་སྟོད་དང་ལྷག་པར་དུ་ཀླད་པར་ཁྲག་མི་འདང་བས་རེད།
མཁྱེན་དགོས་པ་ཞིག་ལ། མིའི་ཀླད་པ་དང་མིག་ལ་སྐར་ཆ་གཅིག་གཉིས་ཙམ་ཁྲག་མ་འདང་ཚེ། ལམ་སེང་མགོ་ཡུ་འཁོར་བ་དང་མིག་རབ་རིབ་ཆགས་ཀྱི་ཡོད།
གཞན་ཡང་། ཁྲག་མངར་དམའ་བའི་མི་ལའང་སྣང་ཚུལ་འདི་འདྲ་ཐོན་སྲིད་པའང་ཡོད། ཡིན་ནའང་དེ་གཉིས་དབར་ལ་ཁྱད་པར་ཡོད་དེ། ཟུངས་ཁྲག་ཉམས་པ་དང་ཁྲག་མངར་དམའ་བའི་མི་རྣམས་ལ་མགོ་ཡུ་འཁོར་བ་ནི་སྡོད་སྟངས་དང་ཐད་ཀར་འབྲེལ་བ་མེད་པར། ག་དུས་ཡིན་ནའང་ཐོན་གྱི་ཡོད།
གལ་ཏེ་སྡོད་སྟངས་ཀྱི་རྐྱེན་གྱིས་མགོ་ཡུ་འཁོར་བའི་སྣང་ཚུལ་ཐེངས་གཅིག་གཉིས་ལས་མ་ཐོན་ཚེ། སེམས་ཁྲལ་དེ་ལྟར་བྱེད་དགོས་མེད། འོན་ཀྱང་རྟག་ཏུ་གདོང་གཤིས་ཞན་པོ་ཆགས་པ་དང་རྐང་ལག་ལ་ཤུགས་མེད་པ་སོགས་བྱས་ན། ངེས་པར་དུ་སྨན་ཁང་དུ་བསྐྱོད་ནས་བརྟག་དཔྱད་བྱེད་དགོས།
མི་ཉུང་ཤས་ཤིག་ལ་ཀླད་སྐྲན་དང་ཀླད་པའི་ཁྲག་རྩ་འགག་པ་སོགས་ཀླད་པའི་ནད་དམ་ཡང་ན་འཕར་རྩ་རེངས་པའི་རྐྱེན་གྱིས་མིག་ལམ་ནག་ཐུམ་མེར་གྱུར་གྱི་ཡོད། གལ་ཏེ་ཡར་ལང་སྐབས་དྲན་པ་གསལ་པོ་མེད་པ་དང་མགོ་ཡུ་འཁོར་ཞིང་། ད་དུང་མགོ་ན་བ་དང་སྐྱུག་མེར་ལང་བ་མ་ཟད། རྐང་ལག་འདར་བ་སོགས་ཀྱི་སྣང་ཚུལ་ཐོན་ན། ལམ་སེང་སྨན་ཁང་དུ་འགྲོ་དགོས།
མགོ་ཡུ་འཁོར་བ་དྲག་ཐབས།
དང་པོ། སྡོད་སྟངས་ལ་ག་ལེར་འགྱུར་བ་གཏོང་དགོས།
སྡོད་སྟངས་ལ་འགྱུར་བ་གཏོང་དུས། ག་ལེར་བྱེད་དགོས་པ་ལས་མགྱོགས་དྲགས་རྒྱུ་མེད་པར། ལུས་པོར་སྟངས་སྟབས་དེར་གོམས་པའི་དུས་ཚོད་ཅིག་སྤྲོད་དགོས།
གཉིས་པ། རྒྱུན་དུ་ལུས་སྦྱོང་མང་ཙམ་བྱེད་དགོས།
སྡོད་སྟངས་ཀྱི་རྐྱེན་པའི་ཁྲག་ཤེད་དམའ་བའི་ནད་ཐོན་པ་དེ་ཁྲག་འཁོར་རྒྱུག་ཡག་པོ་མི་ཐུབ་པ་དང་འབྲེལ་བ་ཡོད། དེར་བརྟེན། རྒྱུན་དུ་འགུལ་སྐྱོད་མང་ཙམ་བརྒྱབ་ན། ལུས་པོ་ཡང་དུ་འགྲོ་བ་མ་ཟད། ཁྲག་རྩ་མཉེན་པོ་ཆགས་ཀྱི་ཡོད། དཔེར་ན། ཆུ་རྐྱལ་སོགས་མང་ཙམ་རྒྱག་དགོས།
གསུམ་པ། སེམས་བག་ཡངས་པོ་བྱེད་དགོས།
སེམས་བག་ཡངས་པོ་བྱས་ཏེ་འཚོ་བའི་ནང་གི་དགའ་སྐྱོ་ཆགས་སྡང་ལ་ལྟ་སྟངས་ཡག་པོ་བཟུང་ནས། གཟུགས་པོ་ཐང་པོ་བྱུང་ན་དེ་ལས་ལྷག་པ་གང་ཡང་མེད་སྙམ་དགོས་པ་གལ་འགངས་ཆེ།
བཞི་པ། དཀའ་ལས་ཁག་དྲགས་རྒྱུ་མེད།
ཉིན་ལྟར་གཉིད་ཆུ་ཚོད་བརྒྱད་ཁུག་དགོས་པ་དང་། ཉིན་དགུང་ངལ་གསོ་རྒྱག་དགོས། མཚན་འཁྱོངས་བྱས་ན་གཟུགས་པོའི་ནད་འགོག་ནུས་པ་སྐྱོ་རུ་འགྲོ་སྲིད་པས། མཚན་འཁྱོངས་གཏན་ནས་བྱ་མི་རུང་།