བོད་ལྗོངས་སུ་སྒོ་ཁར་སྨན་བཅོས་ཐུབ་པས་སྟབས་ཡང་བདེ་ལ་བློས་ཀྱང་འཁེལ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འཕྲོད་བསྟེན་ཁང་ནི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་ཡིན་ཞིང་། དེར་བརྟག་དཔྱད་ཚན་ཁག་དང་། ཁོག་ནད་ཚན་ཁག སྔོན་འགོག་ཚན་ཁག་སོགས་ཡོད་པ་དང་རྒྱུན་སྤྱོད་སྨན་རྫས་ཆ་ཚང་ཡོད་པ་མ་ཟད། འཕྲོད་བསྟེན་ཁང་དུ་ཆེད་ལས་སྨན་དོན་པ་བདུན་ནང་དུ་མཁོ་ཆོད་སྨན་པ་དང་ནད་སྐྱོང་བ་ཡོད། འཕྲོད་བསྟེན་ཁང་གི་ཚོམས་ཆེན་དུ་ཡོད་པའི་རིག་ནུས་བདེ་ཐང་གཞི་གཅིག་ཅན་གྱི་འཕྲུལ་ཆས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ནད་པས་ཐོབ་ཐང་ལག་ཁྱེར་བཤེར་ཚེ་གཟུགས་པོའི་རིང་ཚད་དང་། ལྗིད་ཚད། ཁྲག་ཤེད། ཁྲག་མངར། གཅིན་སྐྱུར་སོགས་རྒྱུན་གཏན་གྱི་རྣམ་གྲངས་བརྟག་དཔྱད་བྱེད་ཐུབ། དེ་རྗེས་གློག་ཀླད་ཀྱིས་གཟུགས་པོའི་བརྟག་དཔྱད་སྙན་སེང་རང་འགུལ་ངང་པར་བརྒྱབ་སྟེ་ནད་པས་དོ་སྣང་བྱེད་དགོས་པའི་དོན་དག་ལ་དབྱེ་ཞིབ་བྱེད་ཀྱི་ཡོད། ཡུལ་སྨད་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཆིའུ་ཅན་ལེང་འདི་གར་ལས་ཀ་བྱས་ནས་ལོ་10སོང་ཞིང་། ཁོང་གིས“དེ་སྔོན་བྲང་ཁར་ཟུག་རྒྱག་པའི་ནད་པར་འཕྲོད་བསྟེན་ཁང་གིས་ནད་རྐྱེན་གང་ཡིན་མིན་བརྟག་དཔྱད་བྱེད་ཐུབ་ཀྱི་མེད། ད་ཆ་ང་ཚོར་སྙིང་པར་ཡོད་པས་སྨན་པས་ནད་བརྟག་རགས་ཙམ་ཆོད་པར་རོགས་རམ་ཐུབ་ནས་ནད་གཞི་ལྕི་བའི་ནད་པའི་ནད་གཞི་གཏན་འཁེལ་བྱེད་པར་འཐུས་ཤོར་ཡོང་གི་མེད” འཕྲོད་བསྟེན་ཁང་གིས་ད་དུང་Bསྒྲ་རླབས་དང་། ཁྲག་དང་གཅིན་པའི་བརྟག་དཔྱད་སོགས་བྱེད་ཐུབ་པ་དང་། དྲན་པ་ཐོར་བ་དང་བརྒྱལ་བ་སོགས་ཀྱི་ཛ་དྲག་གནས་ཚུལ་ལ་གློག་གནོན་ཡོ་བྱད་དང་ལྟ་སྐྱོང་ཡོ་བྱད་སོགས་སྨན་བཅོས་རམ་འདེགས་ཡོ་བྱད་ཡོད་ཅེས་བཤད།
སྨན་བཅོས་འཕྲོད་བསྟེན་དང་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཡུལ་སྨད་ཤང་གིས་ནད་ཆུང་ཤང་ནས་བཅོས་ཐུབ་ཅིང་། ནད་ཆེན་འཕྲལ་མར་བརྟག་དཔྱད་ཐུབ་པ་དང་སྨན་ཁང་ཆེ་གྲས་སུ་སྐྱེལ་ཐུབ་ཀྱི་ཡོད། ཆིའུ་ཅན་ལེང་གིས་དེ་སྔ་ཡུལ་སྨད་ཤང་དུ་ལོ་ཕྱེད་ཙམ་རིང་ལམ་འགགས་ནས་ནད་གཞི་ལྕི་པོ་ཕོག་པའི་ནད་པ་ཁག་གཅིག་ལ་དུས་ཐོག་ཏུ་སྨན་བཅོས་ཐུབ་ཀྱི་མེད། “ད་ཆ་ནད་གཞི་ལྕི་པོ་ཕོག་པའི་ནད་པ་ང་ཚོས་མྱུར་སྐྱོབ་རླངས་འཁོར་བཏང་ནས་དུས་ཐོག་ཏུ་རྫོང་དང་གྲོང་ཁྱེར་གྱི་སྨན་ཁང་དུ་སྐྱེལ་གྱི་ཡོད”ཅེས་བཤད།
ལོ་56ལ་སླེབས་པའི་གྲོང་མི་སྟོབས་རྒྱལ་ལ་གྲུམ་བུའི་ནད་ཚབས་ཆེན་ཕོག་ཡོད་པ་དང་། ན་ནིང་ལྷ་སར་གཤགས་བཅོས་བྱས་ནས་ནད་གཞི་ཡང་དུ་ཕྱིན་ཡོད། ད་ཆ་ཁོང་གིས་དུས་བཀག་བཞིན་ཤང་འཕྲོད་བསྟེན་ཁང་དུ་སྨན་ལེན་པར་ཡོང་ན་འགྲིག་གི་ཡོད། “གཤགས་བཅོས་ཀྱི་འགྲོ་གྲོན་85%རྩིས་ཞུ་ཐུབ་པ་དང་། ཕྱིས་ཀྱི་སྨན་ཡང་སྤྱིར་ན་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་བཅུག་པས་རྩིས་ཞུ་བྱེད་བདེ་པོ་འདུག” ཅེས་སྟོབས་རྒྱལ་གྱིས་དགའ་ཚོར་ངང་གསར་འགོད་པར་བཤད།
ཡུལ་སྨད་ཤང་གི་སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་པ་ནི། བོད་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་ཤིག་རེད། མིག་སྔར་བོད་དུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཁྱབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་བ་ཞིག་ཆགས་ནས་གཞི་རྩའི་སྨན་བཅོས་དང་། ནད་གཞི་སྔོན་འགོག་དང་ཚོད་འཛིན། མ་བུ་བདེ་སྲུང་། མྱུར་སྐྱོབ་དང་སྐོར་སྐྱོད་སྨན་བཅོས་བཅས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། ད་ཆ་བོད་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚང་མར་ཆ་སྙོམས་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་3.4ཡོད་པ་དང་། ནད་ཆུང་མང་ཆེ་བ་ཤང་དང་གྲོང་རྡལ་ནས་བཅོས་ཐུབ་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ། སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོངས་སུ་ཁྱབ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས། ང་ཚོས་གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་རིམ་གྱིས་བརྟན་དུ་བཏང་བ་དང་ལེགས་སུ་བཏང་ནས། བྱང་ཚད་མཐོ་ཞིང་དགོས་མཁོ་དང་འཚམ་པའི་གཞི་རིམ་གྱི་སྨན་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་དེ། བོད་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། གོང་ཁེ་བཅས་ཀྱི་གཞི་རྩའི་སྨན་བཅོས་ཀྱི་ཞབས་འདེགས་དང་དོ་སྙོམས་ཅན་གྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བཤད།