ཁྱིམ་ཚང་གི་སློབ་གསོ་མི་འདང་བ་དང་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་པོ་མེད་པ་སོགས་ཀྱི་རྐྱེན་པས། གྲོང་གསེབ་ཀྱི་ཕྲུ་གུ་མང་དག་ཅིག་གློག་རྡུལ་ཐོན་རྫས་ལ་དབྱིངས་ཞུགས་ནས་རྒྱང་སྒྲིབ་ཕོག་པ་དང་གཟུགས་པོ་སྐྱོ་པོ་ཆགས་པ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད།
གྲོང་གསེབ་ཀྱི་ཕྲུ་གུ་འགའ་རེ་ནི་གློག་རྡུལ་ཐོན་རྫས་དང་ཁ་བྲལ་ཐབས་མེད་པར་གྱུར་བ།
གྲོང་གསེབ་ཀྱི་ཕྲུ་གུ་རེ་འགའི་ངོས་ནས་བརྗོད་ན། གློག་རྡུལ་ཐོན་རྫས་ལ་དབྱིངས་ཞུགས་པའི་དབང་གིས་ཁོང་ཚོར་ངལ་གསོ་ཡག་པོ་མ་ཐེབས་པ་དང་། དེ་མཚུངས་ཀྱིས་མིག་ཤེད་དང་གཟུགས་པོ་སྐྱོ་རུ་འགྲོ་གི་ཡོད། སློབ་གསོ་པུས་གྲོང་གསེབ་ཀྱི་སློབ་མའི་མིག་ཤེད་སྐྱོ་རུ་འགྲོ་ཚད་གྲོང་ཁྱེར་ལས་མཐོ་བ་ཡོད་པ་བསྟན་ཡོད། གྲོང་གསེབ་ཀྱི་བྱིས་པས་ཉིན་ལྟར་གློག་རྡུལ་ཐོན་རྫས་སྤྱོད་པའི་དུས་ཚོད(སྐར་མ་108.18)ཟིན་པ་དེ་གྲོང་ཁྱེར་གྱི་བྱིས་པ(སྐར་མ་88.40)ལས་མངོན་གསལ་དོད་པོས་རིང་བ་ཡོད།
གློག་རྡུལ་ཐོན་རྫས་གཞིས་ལུས་བྱིས་པའི་རོགས་ཟླར་གྱུར་བ།
གསར་འགོད་པར་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་བྱིས་པ་མི་ཉུང་བ་ཞིག་གི་ཕ་མ་འཚོ་བའི་དོན་དུ་ཕྱིར་གླ་པར་བསྐྱོད་དེ་ཟླ་ཕྱེད་ཙམ་མམ་ཡང་ན་ཟླ་བ་ཁ་ཤས་ལ་ཐེངས་རེ་མ་གཏོགས་ཁྱིམ་དུ་ལོག་ཐུབ་ཀྱི་མེད། རྒན་འཁོགས་ཀྱིས་བྱིས་པའི་འཚོ་བར་ལྟ་རྟོག་བྱེད་པ་ལས་སྐྱོན་བྲལ་ངང་འཚར་ལོངས་ལ་དེ་ཙམ་དོ་ཁུར་བྱེད་ཐུབ་ཀྱི་མེད། དེས་ན་བྱིས་པ་སོ་སོ་ཁེར་རྐྱང་དུ་ལུས་པའི་སྣང་བ་ཞིག་ངང་གིས་སྟེར་ནས་རྟོག་བཟོའི་འཇིག་རྟེན་ནས་རང་ཉིད་ལ་དྲོ་སྐྱིད་ཕྲན་ཙམ་ཐོབ་ཐབས་བྱེད་ཀྱི་ཡོད་པ་དང་། གློག་རྡུལ་ཐོན་རྫས་དེ་ཉིད་གཞིས་ལུས་བྱིས་པའི་རྩེད་གྲོགས་ཡག་ཤོས་སུ་གྱུར་གྱི་ཡོད།
གཞན་ཡང་། སློབ་གྲྭས་ལྟ་འདོམས་བྱེད་ཚད་འདང་གི་མེད་པ་དེ་གྲོང་གསེབ་ཀྱི་བྱིས་པས་གློག་རྡུལ་ཐོན་རྫས་ལ་དབྱིངས་ཆེན་པོ་ཞུགས་པའི་རྒྱུ་རྐྱེན་གཞན་ཞིག་རེད། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མས་ཁ་པར་སྤྱོད་ཆོག་གི་མེད་མོད། འོན་ཀྱང་སློབ་གྲྭ་གྲོལ་རྗེས་དགེ་རྒན་སོགས་ཀྱིས་ལྟ་སྐུལ་བྱེད་མཁན་མེད་པས་ཁོ་ཚོས་རང་འདོད་ལྟར་ཁ་པར་རྩེད་ཀྱི་ཡོད།
སློབ་གྲྭ་དང་ཁྱིམ་བདག་གིས་ཕྲུ་གུ་གློག་རྡུལ་ཐོན་རྫས་ཀྱི་བསླུ་བྲིད་ལས་ཐར་ཐབས་བྱེད་དགོས།
ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་གཙོ་བོ་ཁྱིམ་བདག་ལ་རག་ལུས་ཡོད། འགན་འཁྲི་དེ་བས་ཡག་པོ་འཁུར་རྒྱུ་ནི་ཁྱིམ་བདག་གི་དོར་ཐབས་བྲལ་བའི་འོས་འགན་རེད། ཕ་མས་ཕྲུ་གུར་ཁ་པར་མ་ཉོ་ཞེས་གཞི་རིམ་གྱི་དགེ་རྒན་འགའ་ཤས་ཀྱིས་སློབ་གསོ་ཡང་སེ་རྒྱག་གི་ཡོད། གང་ཡིན་ཟེར་ན་ཕྲུ་གུའི་རང་གཅུན་ནུས་པ་ཞན་པས་མ་ཉོས་ན་ཡག་པ་ཡོད།
གཞན་ཡང་། ཤང་གྲོང་ཁག་གི་སློབ་གྲྭས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཕྲུ་གུའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཁ་པར་ཁོ་ནར་མགོ་མི་འཁོར་བ་བྱེད་དགོས།
གློག་རྡུལ་ཐོན་རྫས་ལ་ཞན་ཆ་གཅིག་པུ་མ་གཏོགས་ལེགས་ཆ་མེད་པ་ག་ལ་སྲིད། གློག་རྡུལ་ཐོན་རྫས་སྤྱད་ནས་དུས་ཚོད་རན་པོ་དང་དྲ་བར་ཚུལ་ལྡན་ངང་ཞུགས་ན་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་སློབ་གསོའི་ཧེ་བག་ཆུང་དུ་གཏོང་བར་ཕན་ཐོགས་ངེས་ཅན་ཐོན་ངེས། ལས་གང་ཞིག་ཡིན་རུང་དགེ་སྐྱོན་གཉིས་ཀ་ལྡན་པས་ཕ་མས་གློག་རྡུལ་ཐོན་རྫས་ཀྱི་ཞན་ཆ་ཁོ་ན་བསམས་ནས་སྡོད་མི་རུང་། ཁ་པར་ནང་བསླབ་གཞི་ཕུད་པའི་ཤེས་བྱ་གཞན་དག་མང་པོ་ཡོད། དེར་བརྟེན་གྲོང་གསེབ་ཀྱི་ཕྲུ་གུས་དྲ་བར་ཞུགས་ན་ཤེས་བྱ་སྦྱོང་ཐུབ་ལ་མཐོང་རྒྱ་ཡང་ཆེ་རུ་འགྲོ་སྲིད།