ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་གྱིས་ཆམ་རིམས་ལ་ལྟ་ཞིབ་ཚད་ལེན་བྱས་པ་གཞིར་བཟུང་། མིག་སྔར་རང་རྒྱལ་དུ་ཆམ་རིམས་ནད་དུག་འགོ་མཁན་ཅུང་མང་དུ་སོང་ཞིང་། དེའི་ནང་ཆམ་རིམས་ཀ་པ་གཙོ་བོ་རེད།
སྤྱི་དམངས་ཀྱིས་ཆམ་རིམས་ཀ་པར་ཁྱད་ཆོས་གང་ཡོད་མེད་དང་། ནད་དུག་འགོག་པའི་སྨན་རྫས་གང་སྤྱོད་དགོས་མིན། གཙོ་གནད་མི་ཚོགས་ཀྱིས་སྔོན་འགོག་ཇི་ལྟར་བྱེད་དགོས་མིན། ཆམ་རིམས་ཀ་པ་དང་ཏོག་གསར་མཉམ་དུ་འགོ་སྲིད་མིན་སོགས་ཀྱི་ཐད་ལ་དྲི་བ་མང་པོ་བཏོན་ཡོད།
གནད་དོན་འདི་དག་ལ་དམིགས་ནས། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ཏེ། པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་འགོ་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཀུའེ་ཆང་དང་། པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཐུང་ཀྲའོ་ཧུའེ། པེ་ཅིང་བྱིས་པའི་སྨན་ཁང་དོས་དྲག་ཚན་ཁག་གི་ཀྲུའུ་རེན་ཝང་ཆོན་བཅས་ཀྱིས་གོང་གསལ་གྱི་དྲི་བར་ལན་བརྒྱབ་ཡོད།
དྲི་བ་དང་པོ། ཆམ་རིམས་ཀ་པར་ཁྱད་ཆོས་གང་ཡོད་དམ། ནད་དུག་འགོག་པའི་སྨན་རྫས་སྤྱོད་དགོས་སམ།
ཝང་ཀུའེ་ཆང་གིས་ཆམ་རིམས་ཀ་པ་ནི་ཆམ་རིམས་ཀ་པའི་ནད་དུག་འགོས་ནས་བསླངས་པའི་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་པས། སྤྱིར་བཏང་གི་ཆམ་པ་དང་ཁྱད་པར་ཡོད། ཆམ་རིམས་ཀ་པའི་ནད་རྟགས་ནི་སྤྱིར་བཏང་གི་ཆམ་པ་ལས་ལྕི་བ་ཡོད་པས་ཚ་བ་རྒྱུན་མཐུད་རྒྱས་པ་དང་། མགོ་ན་བ། རུས་ཟུག་རྒྱག་པ། ཡར་སྐྱུགས་མར་བཤལ་བྱེད་པ། གཟུགས་པོ་བདེ་པོ་མེད་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། རྒན་རྒོན་དང་བྱིས་པར་ཕོ་རྒྱུའི་ནད་རྟགས་ཐོན་སླ་པོ་ཡོད་པ་དང་། ཆམ་རིམས་ཀྱི་ཉེན་ཁ་བལྟོས་བཅས་ཀྱི་ཅུང་ཆེ་བས། ཚབས་ཆེ་རིགས་ལ་གློ་ཚད་འཁྲིད་པ་དང་རྒན་རྒོན་གྱི་གཞི་ནད་ལྕི་རུ་འགྲོ་ཡི་ཡོད་ཅེས་ངོ་སྤྲོད་བྱས།
པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་འགོ་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཀུའེ་ཆང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
རང་ཉིད་ལ་ཆམ་རིམས་ཀ་པ་ཕོག་མིན་ཇི་ལྟར་བརྟག་དགོས་སམ། དེའི་ཐད་ཐུང་ཀྲའོ་ཧུའེ་ཡིས་ཆམ་རིམས་ཀྱིས་རྐྱེན་པས་ཚ་བ་རྒྱས་པའི་དྲོད་ཚད་སྤྱིར་བཏང་གི་ཆམ་པ་ལས་མཐོ་བ་ཡོད་པས་ཧྲེ་ཧྲི་ཏུའུ་39ཡན་དུ་སླེབས་ཀྱི་ཡོད། གལ་ཏེ་རང་ཉིད་ལ་དབུགས་ལམ་སྟོད་མའི་ནད་རྟགས་ཕོག་པ་ཤེས་ཚེ། སྔོན་ལ་ཆམ་རིམས་ཀྱི་ནད་འགོག་གཞི་རྐྱེན་བརྟག་དཔྱད་བྱས་རྗེས་གཞི་ནས་སྨན་བཅོས་བྱེད་དགོས། ཆམ་རིམས་ཀྱི་ནད་ཡུན་ཅུང་རིང་ཞིང་། སྤྱིར་བཏང་བྱས་ན་ཉིན་3ནས་5བར་ཡིན་པ་དང་ཚབས་ལྕི་རིགས་ལ་ཉིན་5ནས་7བར་རེད། སྤྱིར་བཏང་གི་ཆམ་པ་ཡིན་ན་ཉིན་1ནས་2བར་སྣ་ཆུ་འཛར་བ་དང་གློ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་རྗེས་མགྱོགས་པོ་དྲག་འགྲོ་ཡི་ཡོད་ཅེས་བཤད།
དྲི་བ་གཉིས་པ། གཙོ་གནད་མི་ཚོགས་ཀྱིས་སྔོན་འགོག་ཇི་ལྟར་བྱེད་དགོས་སམ། རིམས་འགོག་སྨན་ཁབ་རྒྱག་དགོས་སམ།
རྒན་རྒོན་དང་བྱིས་པ་ནི་ཆམ་རིམས་འགོ་ཤུགས་ཆེ་བའི་མི་ཚོགས་ཀྱི་གྲས་ཤིག་རེད། ཐུང་ཀྲའོ་ཧུའེ་ཡིས་གཙོ་གནད་མི་ཚོགས་རིགས་དེ་གཉིས་ཀྱིས་ཆམ་རིམས་སྔོན་འགོག་ཡག་པོ་བྱེད་པར་གཤམ་གསལ་ཕྱོགས་གསུམ་གྱི་ཐད་ནས་སྔོན་འགོག་བྱེད་དགོས་པ་སྟེ། གཅིག ཕྲུ་གུ་དམར་འབྱར་དང་། བྱིས་པ། གཞི་ནད་ཡོད་པའི་རྒན་རྒོན་བཅས་ཀྱིས་ལོ་ལྟར་ཆམ་རིམས་ཕོག་སླ་བའི་དུས་ཚིགས་མ་ཤར་གོང་རིམས་འགོག་སྨན་ཁབ་རྒྱག་དགོས་པ་དང་། གཉིས། ཆམ་རིམས་ཁྱབ་རིང་གཙོ་གནད་མི་ཚོགས་ཀྱིས་ཕྱིར་འགྲོ་ཚད་ཉུང་དུ་གཏོང་དགོས་པ་དང་། ཁ་རས་རྒྱག་པ། རླུང་འགྲོ་ཡག་པོ་ཡོང་བ་བྱེད་པ། ལག་པ་ཡང་སེ་འཁྲུད་པ་བཅས་བྱེད་དགོས། གསུམ། བུ་བཅོལ་ཁང་དང་སློབ་གྲྭ་ནི་ལོ་ཆུང་བྱིས་པ་མང་པོ་འདུས་སའི་ས་ཆ་ཡིན་པས། ཆམ་རིམས་སྔོན་འགོག་ལ་དོ་སྣང་ལྷག་པར་དུ་བྱེད་དགོས། གལ་ཏེ་འཛིན་གྲྭའི་ནང་ཚ་བ་རྒྱས་མཁན་ཡོད་ཚེ། ཁྱིམ་དུ་ངལ་གསོ་བརྒྱབ་ནས་དྲག་སྐྱེད་བྱུང་རྗེས་གཞི་ནས་སློབ་གྲྭར་བཏང་ན་ཡག་པོ་ཡོད་ཅེས་གྲོས་འགོ་བཏོན་འདུག
པེ་ཅིང་བྱིས་པའི་སྨན་ཁང་དོས་དྲག་ཚན་ཁག་གི་ཀྲུའུ་རེན་ཝང་ཆོན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
བྱིས་པར་ནད་རྟགས་གང་ཐོན་ན་ཆམ་རིམས་ཀ་པ་ཡིན་སྲིད་པ་དང་གནས་ཚུལ་གང་ཞིག་ལ་ཁྱིམ་བདག་གིས་དོ་སྣང་བྱེད་དགོས་སམ།
ཝང་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བྱིས་པར་ཆམ་རིམས་འགོས་རྗེས་སྤྱིར་ན་ནད་གཞི་ཡང་པོ་ཡོད་ཅིང་། དབུགས་ལམ་གྱི་འགོ་ནད་ནི་ནད་རྟགས་གཙོ་བོ་རེད། དུས་ཐོག་ཏུ་ནད་ལ་ཕན་པའི་སྨན་གཏོང་བ་དང་། ཆུ་མང་ཙམ་འཐུང་བ། ངལ་གསོ་མང་ཙམ་རྒྱག་པ་བཅས་བྱས་ན་བྱིས་པ་དྲག་སྐྱེད་ཡོང་བར་ཕན་པ་ཡོད། ཆམ་རིམས་ཁྱབ་རིང་གལ་ཏེ་ཁྱིམ་དུ་བྱིས་པ་ཚ་བ་རྒྱས་པའི་དུས་ཚོད་ཉིན་གསུམ་ལས་བརྒལ་བའམ་ཡང་ན་དྲོད་ཚད་ཧྲེ་ཧྲི་ཏུའུ་40ཡན་ལ་སླེབས་པ་དང་། དབུགས་གཏོང་དཀའ་བ། ངོ་མདོག་སྐྱ་བོར་གྱུར་པ། ཡར་སྐྱུགས་མར་བཤལ་བྱེད་པ། གཅིན་པ་འབབ་ཚད་ཉུང་དུ་འགྲོ་བ། རིག་པ་མི་གསལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་འཕྲལ་མར་སྨན་ཁང་དུ་སྐྱོད་དགོས།
དྲི་བ་གསུམ་པ། ཆམ་རིམས་ཀ་པ་འགོས་རྗེས་དུས་ཐུང་རིང་ནད་གཞི་འདིར་ནད་འགོག་ནུས་པ་ཐོན་སྲིད་དམ། ཆམ་རིམས་ཀ་པ་དང་ཏོག་གསར་མཉམ་དུ་འགོ་སྲིད་དམ།
ཝང་ཀུའེ་ཆང་གིས་ཆམ་རིམས་ཀ་པ་སོགས་ནད་དུག་རང་བཞིན་གྱི་འགོ་ནད་འགོས་ནས་དྲག་སྐྱེད་བྱུང་རྗེས་དུས་ཐུང་རིང་རིམས་འགོག་ནུས་པ་ཐོན་ནས་ཆམ་རིམས་ཀ་པ་ངེས་ཅན་འགོག་ཐུབ་ཀྱི་ཡོད་ཅེས་བཤད།
པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཐུང་ཀྲའོ་ཧུའེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
སྤྱི་དམངས་ཁག་གཅིག་གིས་ཆམ་རིམས་ཀ་པ་དང་ཏོག་གསར་མཉམ་དུ་འགོ་ཡི་ཡོད་མེད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཐུང་ཀྲའོ་ཧུའེ་ཡིས་ཆམ་རིམས་ཀ་པ་དང་ཏོག་གསར་ནི་དབུགས་ལམ་གྱི་འགོ་ནད་ཡིན་པ་དང་། དེ་གཉིས་མཉམ་དུ་འགོ་ཉེན་ཡོད་མོད། འོན་ཀྱང་སེམས་ཁྲལ་ཆེན་པོ་བྱེད་དགོས་མེད། གལ་སྲིད་ནད་འགོག་ནུས་པ་ཞན་ལ། གཟུགས་པོར་ཏོག་གསར་ནད་དུག་རྦད་དེ་དྲག་སྐྱེད་བྱུང་མེད་པའི་གནས་ཚུལ་འོག་དེ་གཉིས་མཉམ་དུ་འགོ་ཉེན་ཆེན་པོ་ཡོད། དེ་དང་དུས་མཚུངས། ཤེས་རྟོགས་བྱུང་བའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལྟར་ན། མིག་སྔར། ཚ་རྒྱས་ནད་པའི་ཁྲོད་ཆམ་རིམས་ཀ་པ་འགོ་མཁན་མང་བ་དང་བསྡུར་ཚད་ཀྱང་ཅུང་མཐོ་བ་ཡོད་ཅེས་ངོ་སྤྲོད་བྱས།