དམངས་ཁྲོད་དུ་ཟས་རིགས་ནང་སྒོག་པ་བརྒྱབ་ནས་ཟས་ཀྱི་རོ་བཅུད་འཕེལ་བར་བྱེད་པའི་ཐབས་ཤེས་སྣ་ཚོགས་ཡོད། ལྷག་པར་སྒོག་པས་ཤ་རིགས་ཀྱི་དམར་དྲི་སེལ་གྱི་ཡོད། སྒོག་པའི་རིགས་ལ་རི་སྐྱེས་དང་མིས་བཏབ་པ་ལ་སོགས་སྣ་ཁ་ཁ་ཤས་ཡོད་པ་དང་། སྲོལ་རྒྱུན་གསོ་རིག་སྨན་བཅོས་ལག་ལེན་ལས་སྒོག་པས་ནད་རིགས་མང་པོར་ཕན་པ་ཡོད་པ་ར་འཕྲོད་ཐུབ་ཡོད།
འོན་ཀྱང་སྒོག་པའི་རིགས་ཀྱིས་གཤམ་གསལ་གྱི་མི་ཚོགས་ལ་འཕྲོད་ཀྱི་མེད།
1.མིག་ནད་ཅན།
གནའ་མིའི་ཁ་རྒྱུན་དུ། སྒོག་པས་ནད་རྒྱ་སེལ་ཡང་མིག་ལ་གནོད་ཅེས་དང་སྒོག་པས་ཡ་མར་གནོད་ཟེར་བརྗོད་སྲོལ་ཡོད་ཅིང་། སྒོག་པའི་རོ་ཤིན་ཏུ་ངར་བས་ཡུན་རིང་ཟས་དྲགས་ན་མི་འཕྲོད་པའི་རྟགས་ཐོན། དེ་བཞིན་སྒོག་པ་རྗེན་པ་བཟའ་རྒྱུར་དགའ་བའི་མི་ཚོས་ཡིད་གཟབ་བྱེད་དགོས་པ་ནི། སྒོག་པ་རྗེན་པས་མཆིན་པར་ཕོག་ཐུག་ཆེ་བས་མཆིན་ནད་ཅན་དང་མིག་ནད་ཡོད་མཁན་གྱིས་ངེས་པར་འཛེམ་དགོས།
2.བཤལ་ནད་ཅན།
སྒོག་པ་རྗེན་པས་ལུས་ལ་ཕོག་ཐུག་རང་བཞིན་ཤིན་ཏུ་ཆེ་བས། རྒྱུན་དུ་ཅུང་ཟད་བཟས་ན་འཇུ་སྟོབས་ལ་ཕན་སྲིད་ཀྱང་། ནད་འབུ་ཕྲ་མོའི་རྐྱེན་གྱིས་མིན་པའི་རྒྱུ་མའི་གཉན་ཚད་དང་གྲོད་པ་བཤལ་དུས་སྒོག་པ་བཟས་ཚེ། རྒྱུ་མའི་སྐྱི་ལྤགས་ནས་ཁྲག་འདོན་པའམ་ཁོག་ཆུ་བསགས་ཏེ་ནད་གཞི་ཇེ་སྡུག་ཏུ་འགྲོ་སྲིད་པས་འཛེམ་དགོས།
3.ཚབས་ཆེན་གྱི་ནད་པ།
སྒོག་པ་ནི་ནད་སློང་བའི་རྐྱེན་གྱི་ཟས་རིགས་རེད། ནད་སློང་བའི་རྐྱེན་གྱི་ཟས་རིགས་ཞེས་པ་ནི་ཟས་རིགས་གང་དེ་ཟོས་པ་ལས། མིའི་ལུས་པོར་ན་ཚ་འགའ་ཞིག་སློང་བའམ་ཡང་ན་ཕོག་ཟིན་པའི་ནད་གཞིར་གནོད་པའི་ཟས་ལ་གོ དེས་ན་སྒོག་པ་དང་སུར་པན་ལ་སོགས་ཁ་ཚ་བའི་རིགས་ཀྱིས་ཚབས་ཆེན་གྱི་ནད་པ་དང་། ཡང་ན་སྨན་བཅོས་བྱེད་བཞིན་པའི་ནད་པར་དམིགས་བསལ་གནོད་ཀྱི་ཡོད་པ་དང་། དེ་བཞིན་སྒོག་པས་ནད་གཞི་རྙིང་པ་སློང་བ་དང་སྨན་གྱི་ནུས་པ་ཉམས་ཏེ་མི་ལུས་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད།