དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-06

    “གསར་གཉིས”རྩ་འཛུགས་ནི་ཏང་འཛུགས་སྐྱོང་གི་ཁྱབ་ཁོངས་དང་འཐབ་ས་གཙོ་བོ་ཡིན་ལ། དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད། མིག་སྔའི་བར་བོད་ཀྱིས་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི“གསར་གཉིས”རྩ་འཛུགས་ལས་རིགས་ཀྱི་ཏང་ཨུད་136བཙུགས་ནས། གཅིག་གྱུར་ཁོངས་གཏོགས་དང་། མ་ལག་ཟུང་འབྲེལ། འགན་འཁྲི་ཁ་གསལ། ཟུང་འབྲེལ་དམ་ཚགས་བཅས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགོ་ཁྲིད་མ་ལག་ཅིག་བཏོད་ཡོད། ཉིན་ཤས་གོང་གསར་འགོད་པ་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིར་སྐྱོད་སྐབས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་འོག་དམངས་གཉེར་སྨན་ཁང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བསྲུངས་ནས། དམངས་གཉེར་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཤིག་ཚོར་བྱུང་།

    རང་འགན་གཙང་སྒྲུབ་ཀྱིས་ཚེ་སྲོག་བསྲུངས་པ།

    བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་མངའ་འོག་གི་ཧྥུའུ་ཁང་སྨན་ཁང་འཇུ་བྱེད་མ་ལག་ལྟེ་གནས་ཀྱི་བརྟག་དཔྱད་ཁང་དུ་སྦྲིད་སྨན་སྨན་པ་ཧུའོ་དབྱི་ཞང་གིས་སྨན་གཡོག་ཡེ་ཤེས་རྣམ་རྒྱལ་ཁྲིད་དེ་ནད་པར་བརྟག་དཔྱད་གོང་གི་སྦྲིད་སྨན་རྒྱག་བཞིན་མཆིས། འཇུ་བྱེད་མ་ལག་གི་ཀྲུའུ་རེན་ལིའུ་ཀྲན་ཧོའེ་ཡིས་ཡོ་བྱད་འཁྱེར་ཏེ་བློ་རྩེ་གཅིག་སྒྲིམ་ངང་ནད་པར་བརྟག་དཔྱད་ཞིབ་ཕྲ་བྱེད་བཞིན་ཡོད། “སྨན་པ་ཞིག་གི་ངོས་ནས། ང་ཚོས་ནད་པ་གཙོ་བོར་བཞག་སྟེ་རང་འགན་གཙང་སྒྲུབ་ཀྱིས་ཁོང་ཚོའི་བདེ་ཐང་ཡག་པོ་སྲུང་དགོས་ལ། ཏང་ཡོན་ཞིག་གི་ངོས་ནས་ཀྱང་ངས་རང་ཉིད་ལ་དུས་དང་རྣམ་པ་ཀུན་ཏུ་རེ་བ་ནན་པོ་དེ་བས་འདོན་དགོས”ཞེས་ནད་པ་མཇུག་ཤོས་དེར་བརྟག་དཔྱད་བྱས་ནས་བརྟག་དཔྱད་སྙན་ཞུར་ཞིབ་བཤེར་ཞིབ་ཕྲ་སྒོས་མིང་བཀོད་རྗེས་ལིའུ་ཀྲན་ཧོའེ་ཡིས་མགོ་བོ་འདེགས་བཞིན་དེ་ལྟར་བརྗོད།

    “སྨན་པའི་ལས་ལ་གཞོལ་ནས་ལོ་17སོང་བ་དང་། དེའི་རིང་ང་རང་ལ་སྨན་ཁང་ནས་སྨན་བཅོས་ཤེས་བྱ་མཐོར་གཏོང་གི་གོ་སྐབས་མང་པོ་རག་བྱུང་ལ། རང་སྐྱོང་ལྗོངས་ཕྱི་ནང་གི་ཆེད་ལས་གསོ་སྦྱོང་སྣ་ཚོགས་ལའང་ཞུགས་པས། སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་པ་ཐོབ་བྱུང་། ཏང་ཡོན་སྨན་པ་ཞིག་གི་ངོས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར། རང་འཁྲིའི་ལས་འགན་ལ་གཞི་ཚུགས་ཏེ། སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་ཀྱི་བདེ་ཐང་བསྲུང་རྒྱུ་དེ་ཡིན”ཞེས་ལིའུ་ཀྲན་ཧོའེ་ཡིས་བརྗོད།

    རིམས་ནད་ལ་འགོག་རྒོལ་བྱེད་རིང་ཧྥུའུ་ཁང་སྨན་ཁང་གིས་རང་ཉིད་ཀྱི་འདོན་འོས་པའི་ནུས་པ་འདོན་སྤེལ་ཐུབ་ཡོད། ནད་གཡོག་པུའུ་ཡི་ཀྲུའུ་རེན་ལི་ལི་ཡིས་གསར་འགོད་པར། ན་ནིང་རང་ཉིད་དང་ལས་རོགས་ཚོ་རིམས་ནད་འགོག་རྒོལ་ལ་ཞུགས་པའི་པར་ཞིག་བསྟན་ཞིང་། ཁོང་གིས“ང་ཚོའི་སྨན་ཁང་གིས་ལྷ་སའི་ཚོགས་འགྲེམས་ལྟེ་གནས་ཀྱི་སྒྲོམ་ཚང་སྨན་ཁང་དང་པོའི་རོགས་སྐྱོབ་ལས་འགན་འཁུར་ཡོད། མི་དམངས་ལ་དགོས་མཁོ་ཡོད་ཚེ་ང་ཚོས་ནུས་ཤུགས་ཡོད་རྒུས་རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་རྒྱུ་ཡིན”ཞེས་བརྗོད།

    མི་དམངས་ཀྱི་དགོས་མཁོ་གོང་དུ་བཀུར་བ།

    བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་དགོས་མཁོ་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་། ཧྥུའུ་ཁང་བདེ་ཐང་དོ་དམ་ལྟེ་གནས་སོགས་ཀྱི་སྒུག་རྟེན་ཚོམས་ཆེན་དུ“ལས་ཀ་ཡོད་ཚེ་ང་འཚོལ་རོགས”ཞེས་པའི་བྱང་བུ་བཏགས་པའི་ཁྲིད་སྟོན་པས་བརྟག་དཔྱད་བྱེད་མཁན་ཚོའི་ཁྲོད་བསྐྱོད་ནས། སྤུས་ཚད་མཐོ་ལ་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་བཞིན་མཆིས། “ཏང་ཡོན་ཁྲིད་སྟོན་པའི་བྲང་ཁོག་མདུན་དུ་དམར་མདངས་བཀྲ་བའི་ཏང་དར་དང་ཏང་རྟགས་བཏགས་ཡོད”བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་གཞུང་ལས་ཁང་གི་ཀྲུའུ་རེན་ཆའོ་ཆན་གྱིས“ཏང་ཡོན་ཞིག་གི་ངོས་ནས་ངེས་པར་དུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། དེ་བས་ལེགས་པར་མི་དམངས་ལ་ཞབས་འདེགས་ཞུ་དགོས”ཞེས་བརྗོད།

    ཧྥུའུ་ཁང་བདེ་ཐང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥོང་ཀྲའོ་ཡིས། ཧྥུའུ་ཁང་བདེ་ཐང་དོ་དམ་ལྟེ་གནས་སུ་མི་དམངས་ཚོས་གཅིག་འཐུས་རྣམ་པའི་བརྟག་དཔྱད་ཞབས་འདེགས་ལོངས་སུ་སྤྱོད་ཐུབ། དེ་གར་རིན་མེད་ངང་བསུ་སྐྱེལ་གྱི་ཞབས་འདེགས་ཞུས་ནས། ཁོང་ཚོའི་དགོས་མཁོ་གཞིར་བཟུང་སྒྲིག་ཆས་ཁ་སྣོན་བྱེད་ཀྱི་ཡོད། ཞབས་ཞུ་གོང་དུ་བཀུར་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན་ཞེས་བརྗོད།

    རྒྱུན་སྡོད་མི་འབོར་ཁྲི་80ལྷག་ཙམ་ཟིན་པའི་ལྷ་སར་ཧྥུའུ་ཁང་བདེ་ཐང་དོ་དམ་ལྟེ་གནས་སུ་མིག་སྔར་ལོ་ལྟར་བརྟག་དཔྱད་བྱེད་མཁན་མི་ཐེངས་ཁྲི་10ཡན་ཟིན་ནས། བོད་ཀྱི་བརྟག་དཔྱད་བྱེད་མཁན་མང་ཤོས་ཀྱི་བརྟག་དཔྱད་ལྟེ་གནས་ཀྱི་གྲས་ཤིག་དང་། དེ་གར་བོད་ཀྱི་རྒྱལ་ཁབ་རིམ་པའི་བདེ་ཐང་དོ་དམ་དཔེ་སྟོན་རྟེན་གཞི་ཐོག་མ་དང་འབྲས་སྐྲན་དབྱེ་བཤེར་ལྟེ་གནས་ཐོག་མའི་སྒོ་བྱང་བཀལ་ཡོད།

    ཧྥོང་ཀྲའོ་ཡིས། འདི་ལོ་བརྟག་དཔྱད་དོ་དམ་ལྟེ་གནས་ཀྱིས་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པ་དང་། བདེ་ཐང་དོ་དམ་གྱི་རྣམ་གྲངས་བཏོན་ནས་མི་དམངས་ཀྱི་དགོས་མཁོ་གོང་དུ་བཀུར་བའི་ཞབས་ཞུའི་འདུ་ཤེས་ལས་དོན་ཚང་མར་ཁྱབ་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    རྒྱང་ལམ་གསར་པར་སླར་ཡང་བསྐྱོད་པ།

    རྒྱལ་ཡོངས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྔོན་ཐོན་དམངས་གཉེར་ཁེ་ལས་དང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ། ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་བཅས་ཀྱི་གཟེངས་བསྟོད་མཚན་སྙན་བཀལ་བའི་གྱང་ལྡེབས་སུ་2020ལོ་དང་2021ལོ་ཁོ་ནར་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིར་བྱ་དགའ་མི་ཉུང་བ་ཞིག་ཐོབ་ཡོད་པ་རེད།

    2005ལོར་བཙུགས་པའི་ལྷ་ས་ཧྥུའུ་ཁང་སྨན་ཁང་ནི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་དམངས་གཉེར་སྨན་ཁང་ཞིག་ཡིན། ཧྥུའུ་ཁང་སྨན་ཁང་གིས་ས་མཐོར་གཞི་ཚུགས་ནས། བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་བྱས་ཏེ། ས་མཐོའི་མི་ཚོགས་ཀྱི་བདེ་ཐང་ཞིབ་འཇུག་ལས་དོན་སྤེལ་བ་དང་། འབྲེལ་ཡོད་ཚན་ཞིབ་ཀྱི་ཞིབ་འཇུག་བྱ་གཞིར་ཧུར་ཐག་ཞུགས་ཤིང་། དེའི་ཁྲོད་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཞབས་ཞུ་བརྟག་དཔྱད་དང་མ་ལག་འཛུགས་སྐྱོང་ཞིབ་འཇུག་ཐད་2021ལོར་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་ཐོབ་ཡོད། ད་ཆ་ཧྥུའུ་ཁང་སྨན་ཁང་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། སྔོན་འགོག དྲག་སྐྱེད། བདེ་སྲུང་བཅས་ཕྱོགས་དྲུག་གཞི་གཅིག་གི་རིམ་གསུམ་ཕྱོགས་བསྡུས་ཀྱི་གཞུང་བཙུགས་མིན་པའི་སྨན་བཅོས་སྒྲིག་གཞིར་གྱུར་ཡོད་ཅེས་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲེ་ཀྲང་ཝང་པིན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།