ལོ་གསར་པ་འཆར་ལ་ཉེ་བའི་སྐབས་སུ། བོད་བྱང་ཐང་དུ་དགུན་ཁ་ཤར་ཞིང་། དགུན་ཁའི་གུང་གསེང་རིང་ས་བབ་མཐོ་ཚད་སྨི་4500ཡོད་པའི་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭས་སློབ་མ་ཚོར་དྲ་ཐོག་སློབ་ཁྲིད་ཀྱི་འཆར་གཞི་བཀོད་དེ་སློབ་སྦྱོང་ཐད་མཛུབ་ཁྲིད་བྱས་པས་ཕྲུ་གུ་ཚོས་རང་ཁྱིམ་དུ་ལོ་གསར་པ་ཞིག་བསུས་ཡོད།
ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་2013ལོར་བཙུགས་པ་དང་དེ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་དེ་རེད།
སློབ་ཁྲིད་ལས་ལ་གཞོལ་ནས་ལོ་4སོང་བ་དང་འདི་ལོ་ལོ་27ལ་སླེབས་པའི་དགེ་རྒན་གུ་རུ་ནི་སློབ་གྲྭའི་མཛེས་རྩལ་དགེ་རྒན་ཡིན་པ་དང་། ཁོང་གིས་བྱིས་པ་ཚོར་རི་མོ་འབྲི་སྟངས་སློབ་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་སྐྱེས་པའི་གུ་རུའི་རྐང་པ་གཡོན་མ་ལྷན་སྐྱེས་དབང་པོ་སྐྱོན་ཅན་ཡིན་པས་འགྲོ་སྐྱོད་སྟབས་བདེ་པོ་མེད་པ་རེད། 2019ལོར་གུ་རུས་མེ་འཁོར་ལ་བསྡད་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཡོད་པའི་བོད་བྱང་ཐང་དུ་སློབ་ཁྲིད་བྱེད་པར་ཡོང་།
“དམིགས་བསལ་སློབ་གསོའི་ལས་རིགས་གཉེར་བ་ནི་ངའི་ཕུགས་བསམ་ཡིན་ལ། ས་བབ་མཐོ་བའི་ས་ཁུལ་གྱི་ཕྲུ་གུ་ཚོར་རང་ཉིད་དེ་བས་མཁོ་པོ་ཡོད”ཅེས་གུ་རུས་བཤད། རི་མོ་འབྲི་སྟངས་སྦྱངས་པ་དེས་ཁོང་ཚོའི་ནང་སེམས་ཀྱི་འཇིག་རྟེན་མངོན་ཐུབ། གུ་རུ་ལ་བྱིས་པ་མང་པོ་ཞིག་གིས་བག་ཆགས་ཟབ་མོ་བཞག་ཡོད་པ་དཔེར་ན། སློབ་མ་སྙན་གྲགས་རྡོ་རྗེ་ལྟ་བུ་རེད། “སྙན་གྲགས་རྡོ་རྗེ་རིག་སྟོབས་ཞན་ཙམ་ཡོད་མོད། འོན་ཀྱང་དྲན་རྒྱུ་རྒོད་པ་དང་ལག་པ་འགུལ་ནུས་ཆེ་བས་ཁོ་པས་བྲིས་པའི་རི་མོས་རྟག་ཏུ་ང་ལ་སྤྲོ་སྣང་ཧ་ཅང་ཆེན་པོ་སྦྱིན་གྱི་འདུག”ཅེས་བཤད།
“ཕྲུ་གུ་མང་པོ་ཞིག་གིས་རི་མོ་བྲིས་ནས་2023ལོར་བསུ་བ་ཞུ་བཞིན་ཡོད། ཁོང་ཚོའི་བརྩམས་ཆོས་ལས་ང་ལ་རེ་བ་གསར་པ་ཞིག་སྦྱིན་གྱི་འདུག 2023ལོར་ཕྲུ་གུ་ཚོས་གདེང་ཚོད་དང་། རང་བརྩོན། རང་ཚུགས་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གུ་རུས་བཤད།
བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2022ལོར་བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་7ལ་དབང་པོ་སྐྱོན་ཅན་གྱི་སློབ་མ་1057ཡོད་པ་དང་། སློབ་གྲྭ་དཀྱུས་མའི་འཛིན་གྲྭ་གཞན་དང་མཉམ་དུ་སློབ་སྦྱོང་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་སློབ་མ་4597ཡོད་པ། དབང་པོ་སྐྱོན་ཅན་སློབ་མ་2600ལ་སྒོ་རྩར་སློབ་ཁྲིད་བྱེད་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ། འོས་འགན་སློབ་གསོའི་དུས་མཚམས་སུ་དབང་པོ་སྐྱོན་ཅན་སློབ་མ་སློབ་གྲྭར་ཞུགས་ཚད་97%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
“ཕྲུ་གུ་མང་པོ་ཞིག་ལ་རྩལ་ནུས་ཁོང་དུ་ཆུད་པ་དང་། ལས་ཀ་རག་པ། འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱུང”ཞེས་ཚེ་རིང་ལྷ་མོས་བཤད།
2013ལོར་ཐོག་མར་སློབ་གྲྭར་ཞུགས་པའི་འོན་ལྐུགས་སློབ་མ་སྲི་ཐར་པད་འཛོམས་སེམས་སྦུག་དོག་པོ་ཡོད་མོད། འོན་ཀྱང་ཞབས་བྲོའི་དགེ་རྒན་གྱིས་ཁོང་གི་ཞབས་བྲོ་འཁྲབ་རྩལ་ཡག་པོ་ཡོད་པ་མགྱོགས་མྱུར་ཤེས་རྟོགས་ཐུབ་ནས་ཁོ་མོ་དང་སློབ་མ་གཞན་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི་དབང་པོ་སྐྱོན་ཅན་གྱི་སློབ་མའི་རིག་རྩལ་འཁྲབ་སྟོན་ནང་ཞུགས་སུ་བཅུག་པ་དང་ཕྱིས་སུ་པེ་ཅིང་དང་ཁྲུང་ཆིང་དུ་འཁྲབ་སྟོན་བྱེད་པར་བསྐྱོད་པ་རེད།
བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་ལོ་16ནས་ལོ་59བར་གྱི་ལས་ཞུགས་ལོ་ཚད་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་19217ལས་ཞུགས་ཐུབ་ཡོད་པ་རེད།