གོས་དཀར་གོ་ཆ་བཀླུབས། བདེ་ཐང་སྲུང་སྐྱོང་བྱས།
2022ལོའི་ཟླ་11ཚེས་16ཉིན་ཁྲེང་ཏུར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང(ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་ཞེས་བསྡུ་རྒྱུ)གིས་ལྷ་སར་རོགས་སྐྱོར་བྱེད་པར་མངགས་པའི་སྨན་བཅོས་རུ་ཁག་གི་མཇུག་མཐའི་རུ་མི་97ཁྲེང་ཏུར་ལོག་པ་རེད། སྐབས་དེ་ནས་བཟུང་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གིས་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ནག་ཆུ་བཅས་ལ་རོགས་སྐྱོར་བྱེད་པར་མངགས་པའི་སྨན་དོན་མི་སྣ229ཡིས་རིམས་འགོག་ལས་འགན་བདེ་བླག་ངང་བསྒྲུབས་ཏེ་ཚང་མ་ཕྱིར་ལོག་པ་རེད།
“ཡོད་ཚད་བོད་དང་བསྟུན་པ་དང་ཡོད་ཚད་བོད་ལ་ཞབས་འདེགས་ཞུ”ཞེས་པ་དེ་ནི་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་དམིགས་ཡུལ་ཡིན་ལ། རིམས་ནད་ཐོན་ཚུན་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བའི་གནས་ཚུལ་དངོས་ཀྱང་རེད།
2022ལོའི་ཟླ་8ཚེས་9ཉིན་ནས་2022ལོའི་ཟླ་11ཚེས་16ཉིན་བར། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་རུ་ཁག་གིས“ཐོག་མའི་བསམ་འདུན་བརྟན། ཕུགས་ལ་དོན་འཁྱོལ་བྱེད་པའི”འགན་འཁྲི་ཁུར་ནས་ལྷ་ས་དང་། གཞིས་རྩེ། ནག་ཆུ། ཉིང་ཁྲི་བཅས་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་ཏེ་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་བ་རེད།
རང་འགན་ལེགས་པར་བསྒྲུབས་ནས་ཕན་ཚུན་ལྟ་སྐྱོང་གིས་ཐོག་མའི་བསམ་འདུན་ལག་བསྟར་བྱས།
ནད་ཡམས་ནི་བཀའ་རྒྱ་དང་། སྔོན་འགོག་དང་ཚོད་འཛིན་ནི་འགན་འཁྲི། དུས་ཚོད་ནི་ཚེ་སྲོག་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ཛ་དྲག་གི་མདུན་དུ་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། འཐབ་ས་དང་པོར་བསྐྱོད་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ་སྨན་དོན་མི་སྣ་ཡོངས་ཀྱིས་མགྱོགས་མྱུར་དང་ལེན་ཞུས་པ་དང་ནུས་ཤུགས་ཡོད་རྒུས་དམག་འཐབ་བྱས་པ་རེད།
2022ལོའི་ཟླ་8ཚེས་9ཉིན། སྨན་ཁང་གིས་རང་མོས་ངང་མིང་ཐོ་བཀོད་པའི་སྨན་དོན་མི་སྣའི་ཁྲོད་ལས་སྒོའི་འཇོན་ཐང་ཆེ་བ་དང་སྨན་བཅོས་སྲོག་སྐྱོབ་ལས་དོན་གྱི་འགན་སེམས་ཆེ་བའི་འཇོན་ཐང་ཅན་40ལྷག་ཙམ་བདམས་ཏེ་སྨན་བཅོས་རུ་ཁག་བཙུགས་ཤིང་། སྨན་བཅོས་དངོས་ཟོག་ཏུན་4.2འཁྱེར་ཏེ་ལྷ་སར་འབྱོར།
2022ལོའི་ཟླ་8ཚེས་17དང་18ཉིན། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་ཏང་ཨུད་ཨུ་ཡོན་ཀྲུའུ་རེན་གཞོན་པ་དབྱང་ཅེ་ཡིས་སྣེ་ཁྲིད་པའི་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་དོན་མི་སྣ་102ལས་གྲུབ་པའི་སྨན་བཅོས་རུ་ཁག་ཁག་ཐེངས་2ལ་བགོས་ནས་གཞིས་རྩེར་འབྱོར་བ་དང་སྦྲགས་ཁྱོན་འགོག་སྲུང་དང་འཚོ་བའི་དངོས་ཟོག་ཏུན་20གཞིས་རྩེར་དབོར་བ་མ་ཟད། དུས་ཐུང་ནང་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་དོན་ནུས་ལྡན་སྤེལ་བ་རེད།
2022ལོའི་ཟླ་8ཚེས་19ཉིན། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་དོན་མི་སྣ་52ལྷ་སར་འབྱོར་ནས་ལས་དོན་སྤེལ་བ་རེད།
2022ལོའི་ཟླ་8ཚེས་23ཉིན། ཁག་ལྔ་པའི་སྨན་དོན་མི་སྣ་23ཚང་མ་ལམ་ལ་ཆས་ཏེ་ལྷ་ས་དང་ཉིང་ཁྲིའི་ཕྱོགས་སུ་བསྐྱོད་པ་རེད།
2022ལོའི་ཟླ་8ཚེས་29ཉིན་དང་ཟླ་9ཚེས་2ཉིན། གོས་དཀར་འཐབ་འཛིང་པ་ཁག་གཉིས་ཡང་བསྐྱར་འབྱོར་ཏེ་གཞིས་རྩེར་རོགས་སྐྱོར་བྱས།
2022ལོའི་ཟླ་9ཚེས་16ཉིན། སྨན་བཅོས་རུ་ཁག་ཁག་ཐེངས་བརྒྱད་པའི་རུ་མི་གནམ་གྲུར་བསྡད་ནས་ལྷ་སར་འབྱོར།
རིམས་ནད་ཐོན་ཚུན། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་རུ་ཁག་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཞུགས་པ་རེད། སྤྱི་ཚོགས་ཡོངས་སུ་ལེབ་བཤེར་བྱེད་པའི་དུས་མཚམས་སུ། སྨན་བཅོས་རུ་ཁག་གིས་ཁྲོམ་གཞུང་གི་ཉིང་སྐྱུར་བརྟག་དཔྱད་བྱ་ཡུལ་ཁག་ཏུ་བསྐྱོད་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གི་ཉིང་སྐྱུར་བརྟག་དཔྱད་བྱ་ཡུལ་ཚད་ལྡན་དུ་བཏང་བ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲེལ་ཡོད་ལས་ཀའི་གཙོ་གནད་ཐད་དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་ཐེངས་མང་བྱས་ནས་ཉིང་སྐྱུར་མ་དཔེ་ལེན་པའི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ་དང་ཕན་ཚུན་འགོས་ཚད་དམའ་རུ་སོང་ཡོད།
ནད་པ་གཅིག་སྡུད་ཐོག་ཉར་བཅོས་ཀྱི་དུས་མཚམས་སུ་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་རྩིས་བླངས་པའི་ལྷ་སའི་སྒྲོམ་ཚང་སྨན་ཁང་གཉིས་པ་དང་གཞིས་རྩེའི་སྒྲོམ་ཚང་སྨན་ཁང་གཉིས་པའི་ལས་ཀར་ཧུར་ཐག་ཞུགས་ཤིང་། དོ་དམ་ཚད་ལྡན་དང་། བྱ་ཐབས་འོས་འཚམ། གནད་སྨིན་ནུས་ཆེ། ཁྱབ་གདལ་རང་བཞིན་ཆེ་བ་བཅས་བྱུང་ནས་ཁས་ལེན་ཐོབ་པ་མ་ཟད། དེའི་གསར་གཏོད་རང་བཞིན་གྱི་ཆ་འཕྲིན་མ་ལག་དང་ཕུན་སུམ་ཚོགས་པའི་ལས་ཀའི་ཉམས་མྱོང་ཁྱབ་གདལ་ཡང་བཏང་བ་རེད།
ཀུན་གྱི་སྔོན་ལ་གདོང་མཆོང་བྱས་ནས་རིམས་འགོག་འཐབ་ས་དང་པོར་འགན་འཁྲི་མངོན་པར་བྱས།
“ང་ནི་ཏང་ཡོན་ཞིག་ཡིན་པས། གང་དུ་མཁོ་ན་དེ་གར་འགྲོ་དགོས། འགག་རྩར་སླེབས་ཚེ་དེ་བས་གདོང་མཆོང་བྱེད་དགོས”ཞེས་པ་དེ་ནི་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གིས་ལྷ་སར་རོགས་སྐྱོར་བྱེད་པར་མངགས་པའི་སྨན་བཅོས་རུ་ཁག་ཁྲོད་ཀྱི་ལོ་ན་རྒན་ཤོས་ཀྱི་རུ་མི་ལིའུ་ཧྭ་ཡིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད།
ལིའུ་ཧྭ་མིག་དཔེར་བཟུང་ནས་སྨན་བཅོས་རུ་མི་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་འགོག་གི་སྙིང་སྟོབས་རླབས་ཆེན་ལག་ལེན་ཧུར་ཐག་བསྟར་བ་རེད།
ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གིས་གཞིས་རྩེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གིས་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་། ཏང་ཡོན་བློ་མཐུན་20ལྷག་ཙམ་གྱིས་རང་འགུལ་ངང་འགན་འཁྲི་ཁུར་བ་དང་བྱས་རྗེས་བཞག་ཅིང་། ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་སྨན་བཅོས་རུ་ཁག་གི་རུ་མི་གཞན་དག་ལ་སྐུལ་ཁྲིད་དང་ལྕག་སྐུལ་བྱས་པ་རེད།
སྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གིས་ལྷ་སར་རོགས་སྐྱོར་བྱེད་པར་མངགས་པའི་སྨན་བཅོས་རུ་ཁག་གི་རུ་མི་དང་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཙེང་དབྱི་ཕིང་གིས“ང་ཚོ་ནི་སྨན་པ་ཡིན་ལ་ཏང་ཡོན་ཡང་ཡིན་པས། རིམས་ནད་མ་ཡལ་ན་ང་ཚོའང་ཡལ་མི་སྲིད”ཅེས་བཤད།
ཉིན་མཚན་གྲངས་མེད་ཀྱི་བརྟན་སྲུང་ཁྲོད། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་རུ་ཁག་གི་ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཚེ་སྲོག་ལ་བརྟེན་ནས་ཚེ་སྲོག་སྲུང་སྐྱོབ་བྱས་པ་དང་། བྱ་སྤྱོད་ལ་བརྟེན་ནས་ལྷག་བསམ་མཚོན་པར་བྱས་ཏེ་དམར་མདངས་བཀྲ་བའི་ཏང་དར་རིམས་འགོག་གི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་རེད།
འགག་སྒྲོལ་དཀའ་སེལ་བྱས་ཏེ་བློ་སེམས་གཅིག་སྒྲིལ་གྱིས་བྱས་རྗེས་གསར་པ་བཞག
“ང་ཚོས་ཉར་བཅོས་བྱས་པའི་ནད་པ་མང་ཆེ་བ་ལོ་ན་ཅུང་ཆེ་བ་མ་ཟད། རྨང་གཞིའི་ནད་གཞི་ཡོད་པ་དང་། ཟུངས་ཁྲག་བསིང་བཅོས་ཀྱི་ནད་པ། སྦྲུམ་མ། ཕྲུ་གུ་དམར་འབྱར་སོགས་ཀྱང་ཡོད་པས། སྨན་བཅོས་དང་ནད་སྐྱོང་ཐད་ཀྱི་རེ་བ་དེ་བས་མཐོ་པོ་ཡོད། ལས་འགན་འདི་དང་ལེན་བྱས་པ་ནས་བཟུང་ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་ཕོད་ཀྱི་མི་འདུག”ཅེས་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་རོགས་སྐྱོར་བྱེད་པར་མངགས་པའི་ཁོངས་མི་ཁྲེང་ཧུའེ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁྲོད། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་རུ་མི་ཡོངས་ཀྱིས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རིམས་ནད་ལ་འཐབ་རྩོད་བྱེད་དགོས་པ་མ་ཟད། ད་དུང་རང་སྣང་དང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ལས་བྱུང་བའི་ཤུགས་རྐྱེན་ངན་པ་སྣ་ཚོགས་ཁྱད་བསད་ཧུར་ཐག་བྱེད་དགོས།
རྒྱུན་དུ་མཚན་གུང་དུ་གཞི་ནས་སྡོད་གནས་སུ་ལོག་ཐུབ་ཅིང་། འགོག་སྲུང་གྱོན་ཆས་གྱོན་པའི་སྨན་དོན་མི་སྣས་དུས་ཡུན་རིང་པོར་ཆུ་འཐུང་མི་ཐུབ་པ་དང་། ཟ་མ་ཟ་མི་ཐུབ་པ། གསང་སྤྱོད་དུ་འགྲོ་མི་ཐུབ་པ་བཅས་ཀྱི་ཁར། ད་དུང་རྒྱུན་ཆད་མེད་པར་ལུས་ཁམས་དང་སེམས་ཁམས་ཐད་ཀྱི་འགྲན་སློང་ཁྱད་བསད་བྱེད་དགོས། དཀའ་ངལ་སྣ་ཚོགས་ཀྱི་མདུན་དུ་ཁོང་ཚོས་ཕྱིར་བཤོལ་མ་བྱས་པར་ཚ་གདུག་ཁྲོད་རླུང་མི་རྒྱུག་པའི་འགོག་སྲུང་གྱོན་ཆས་གྱོན་ནས་ཉིང་སྐྱུར་འཚོལ་བསྡུ་བྱེད་ནའང་འདྲ། ཡང་ན་ཆུ་ཚོད་བཅུ་ལྷག་ཙམ་བསྟུད་མར་ཚོད་ལྟ་ཁང་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་ནའང་འདྲ། ཁོང་ཚོས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་ལས་གནོང་འགྱོད་སྤུ་ཙམ་ཡང་མེད་པ་རེད།
གཏན་འབེབས་རེ་རེ་དང་བྱ་སྤྱོད་རེ་རེ་ནི། ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་དང་ལས་འགན་བསྒྲུབས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇཌ་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་པ་ཞིག་རེད།
གཞིས་རྩེ་གྲོང་ཨུད་ཀྱིས་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་ལ་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བསྐུར་ནས“རྙོག་དྲར་མི་འཛེམས་པ་དང་དཀའ་ངལ་ལ་མི་སྐྲག་པ། གཞིས་རྩེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་བཀའ་དྲིན་སེམས་སུ་བཅངས་ཡོད”ཅེས་བྲིས་ཡོད།
ནག་ཆུར་རོགས་སྐྱོར་བྱེད་མཁན་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་རུ་ཁག་ལ་གོས་དར་འབྱོར་བ་དང་། གོས་དར་གྱི་ངོས་སུ“ཕྱར་བ་གྲུ་འདེགས་ཀྱིས་རིམས་འགོག་ལས་ལ་འབད། སྒེར་སེམས་མེད་པར་བྱང་རྩྭ་ཐང་ལ་རོགས་སྐྱོར་བྱས”ཞེས་བྲིས་ཡོད་པ་རེད།
མི་སེམས་དྲོ་བའི་སྐད་ཆ་རེ་རེ་དང་དགའ་སྤྲོའི་འཛུམ་མདངས་རེ་རེ་ལས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཁྲེང་ཏུའུ་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་རུ་ཁག་ཁག་ལ་ཐུགས་རྗེ་ཆེ་ཞུ་བ་དང་བསྔགས་བརྗོད་བྱེད་ལུགས་མཚོན་ཡོད།
ད་ཆ། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་བསྟུན་ནས་སྨན་ཁང་གིས་མངགས་པའི་སྨན་དོན་མི་སྣ་སྔ་རྗེས་སུ་བདེ་བླག་ངང་ཕྱིར་ལོག་པ་རེད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲལ་མི་ཕོད་པའི་བརྩེ་སེམས་དང་བོད་ཀྱི་ས་གཞི་ཆེ་མོའི་སྨོན་འདུན་ཟབ་མོ་ཁྱེར་ནས། ཁོང་ཚོ་སྔར་གྱི་ལས་གནས་སུ་ལོག་སྟེ་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་མུ་མཐུད་སྲུང་སྐྱོང་བྱེད་པའི་ལས་ལ་འབད་བཞིན་མཆིས།