ཉིན་ཤས་གོང་དྲ་གྲོགས་མི་ཉུང་བ་ཞིག་གིས་ཕྱི་ལུགས་ཀྱི་སྨན་དང་བོད་སྨན་མཉམ་དུ་གཏོང་སྐབས་དོ་སྣང་བྱེད་དགོས་པ་གང་དང་གང་ཡོད་མེད་སྐད་ཆ་འདྲི་ཡི་འདུག་པས། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གཙོ་བཅོས་སྨན་པ་ཚེ་རིང་བདེ་སྐྱིད་ལ་དེའི་སྐོར་བཀའ་འདྲི་ཞུས་པ་ཡིན།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གཙོ་བཅོས་སྨན་པ་ཚེ་རིང་བདེ་སྐྱིད་ཀྱིས།
གྲོང་མི་ཁག་གཅིག་གིས་ཏོག་གསར་འགོ་ནད་བཅོས་སྐབས། བོད་སྨན་དང་ཕྱི་ལུགས་སྨན་མཉམ་དུ་གཏོང་གི་ཡོད་པ་འདྲ། འོན་ཀྱང་རབ་བྱུང་ན་མཉམ་དུ་གཏོང་རྒྱུ་མེད། གལ་ཏེ་མཉམ་དུ་གཏོང་དགོས་བྱུང་ཚེ། བར་གླགས་སུ་དུས་ཡུན་ཆུ་ཚོད་4ནས་6བར་འཇོག་དགོས། དཔེར་ན། སྔོན་ལ་བོད་སྨན་བཏང་ནས་དུས་ཡུན་ཆུ་ཚོད་4ནས་6བར་བཞག་རྗེས་གཞི་ནས་ཕྱི་ལུགས་སྨན་གཏོང་དགོས། གལ་ཏེ་གཞི་ནད་རིགས་ཡོད་པ་དཔེར་ན། ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་པས་ཕྱི་ལུགས་སྨན་ཡུན་རིང་པོ་གཏོང་དགོས་པ་དང་། ཏོག་གསར་འགོ་ནད་ཕོག་པའི་རྐྱེན་གྱིས་བོད་སྨན་ཡང་གཏོང་དགོས་པ་བྱུང་ཚེ་དུས་ཡུན་ངེས་ཅན་འཇོག་དགོས། འདི་ལྟར་མ་བྱས་ཚེ་ཉེན་ཁ་ཡོད་ཅེས་བརྗོད་བྱུང་།