བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་ནད་དུག་ཕོག་མཁན་ལ་བོད་སྨན་གྱི་ཁྱིམ་སྡོད་སྨན་བཅོས་བྱེད་པའི་མཛུབ་སྟོན།
བོད་ལུགས་གསོ་རིག་གི་དམིགས་བསལ་ལེགས་ཆ་གང་ལེགས་འདོན་པ་དང་ཏོག་གསར་ནད་དུག་འགོག་བཅོས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་བཀྲམ་པའི《ཏོག་གསར་ནད་དུག་ཕོག་མཁན་ལ་ཀྲུང་ལུགས་གསོ་རིག་གི་ཁྱིམ་སྡོད་སྨན་བཅོས་བྱེད་པའི་དཔྱད་གཞིའི་མཛུབ་སྟོན》དང《བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་ཀྱི(བོད)ཀྲུང་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི(ཚོད་སྤེལ་གྱི་པར་གཞི་བཞི་པ)》 གཞིར་བཟུང་། ད་རེས་བོད་ལྗོངས་སུ་རིམས་ནད་ཐོན་རིང་བོད་ལུགས་གསོ་རིག་ལ་འཐོབ་པའི་སྨན་བཅོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས། རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་ཁྱིམ་དུ་སྡོད་མཁན་ལ་བོད་སྨན་གྱིས་སྨན་བཅོས་བྱེད་པའི་མཛུབ་སྟོན་འདི་བཟོས་པ་གཤམ་གསལ།
དང་པོ། སྨན་བཅོས་ཀྱི་ཇུས་གཞི།
གཅིག དར་མས་སྨན་གཏོང་སྟངས།
1.གྲང་ཤུལ་རྒྱག་པ་དང་། ཤུགས་མེད་པ་སོགས་ཀྱི་ནད་རྟགས་ཐོན་ཚེ།
མ་ནུ་བཞི་ཐང་ཁེ་5དང་། འཕྲུལ་ཐང་ཁེ་5 ནོར་བུ་བདུན་ཐང་ཁེ་5འམ་ཡང་ན་ཐང་ཆེན་ཉེར་ལྔ་ཁེ་2བསྐོལ་ནས་འཐུང་དགོས།
2.ཚ་བ་རྒྱས་པ་དང་། རུས་ཟུག་རྒྱག་པ། མགོ་ན་བ་སོགས་བྱུང་ཚེ།
ལོ་གྱོན་ཁེ་1དང་། རྟ་ཟི་དམར་པོ་ཁེ་0.6-0.9བར། འཕྲུལ་ཐང་ཁེ་5 སྤང་ཁྲག་བཅུ་གཉིས་ཁེ་1-1.5བར། གཙོ་བོ་བརྒྱད་པ་ཁེ་2བཅས་ཟ་མ་བཟས་རྗེས་གཏོང་དགོས།
3.སྣ་ཆུ་དོན་པ་དང་སྣ་ཁུག་འགག་པ་སོགས་བྱུང་ཚེ།
གུར་ཁྱུང་ཁེ་1.2དང་། ལོ་གྱོན་ཁེ་1 སྤང་ཁྲག་བཅུ་གཉིས་ཁེ་1-1.5བར་བཅས་ཟ་མ་བཟས་རྗེས་གཏོང་དགོས།
4.སྐམ་གློ་བརྒྱབ་ཚེ།
རྒ་སྤང་ཁེ་2དང་། སྤང་རྒྱན་བཅོ་ལྔ་ཁེ་2 ལུག་མུར་བདུན་པ་ཁེ་2 ཨ་གར་སོ་ལྔ་ཁེ་1-1.5བར་བཅས་ཟ་མ་བཟས་རྗེས་གཏོང་དགོས།
5. མིད་པ་ན་ཚེ།
ཁྱུང་སྔོན་དགུ་པ་ཁེ་1-1.5བར་དང་། ཁྱུང་ལྔ་ཁེ་0.1-0.12བར། ལི་ཤི་དྲུག་པ་ཁེ་2བཅས་ཟ་མ་བཟས་རྗེས་གཏོང་དགོས།
6. གློ་རྒྱག་པ་དང་ལུད་པ་མང་བའི་ཚེ།
སྤང་རྒྱན་བཅོ་ལྔ་ཁེ་2དང་། སྤང་རྒྱན་བཅུ་པའི་སྦངས་ཁུ་ཤོག་ཆག་1 ཨ་གར་བཅོ་ལྔ་ཁེ་2བཅས་གཏོང་དགོས།
7.གྲོད་ཁོག་བཤལ་བ་དང་ཕོ་རྒྱུ་མི་བདེ་བ་བྱུང་ཚེ།
བྲག་ཞུན་དགུ་པ་ཁེ་2དང་རིན་ཆེན་མང་སྦྱོར་ཁེ་1མཉམ་དུ་གཏོང་དགོས།
8. གཉིད་མི་ཁུག་པ་དང་སེམས་པ་གནས་བཟོད་མི་བདེ་བའི་ནད་རྟགས་ཐོན་ཚེ།
ཨ་བརྒྱད་ཁྱུང་བསྣན་ཁེ་1.2དང་། ཨ་གར་བརྒྱད་པ་ཁེ་2 ཨ་གར་སོ་ལྔ་ཁེ་1-1.5བར་བཅས་གཏོང་དགོས།
གཉིས། བྱིས་པར་སྨན་སྟེར་སྟངས།
1.གྲང་ཤུལ་རྒྱག་པ་དང་། ཚ་བ་རྒྱས་པ། རུས་ཟུག་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ།
ལོ་3མན་གྱི་བྱིས་པར་བློན་པོ་གསུམ་སྦྱོར་དང་བློན་ཁྱུང་ཁེ་0.5དང་། ལོ་3ནས་10བར་ལ་ཁེ་1 ལོ་10ནས་13བར་ལ་ཁེ་1.5 ལོ་13ཡན་ལ་ཁེ་2སོགས་ན་ཚོད་ལ་དཔགས་ནས་སྟེར་དགོས།
2.བྱིས་པའི་ལུས་ཟུངས་ཀྱི་རང་བཞིན་ལ་གཞིགས་ནས་ནད་གཞིར་འགྱུར་བ་འགྲོ་བས། སྨན་པའི་མཛུབ་སྟོན་འོག་སྨན་སྟེར་དགོས་པ་དང་། ནད་གཞི་སྡུག་ཏུ་སོང་ཚེ་འཕྲལ་མར་སྨན་ཁང་ལ་འགྲོ་དགོས།
གསུམ། དམིགས་བསལ་གྱི་མི་ཚོགས།
དཔེར་ན་དམར་འབྱར་དང་། ནུ་མ་སྟེར་མཁན་བུད་མེད། སྦྲུམ་མ། རྒན་རྒོན། དེ་བཞིན་གཞི་ནད་ཡོད་པའི་མི་ཚོགས་རྣམས་ཀྱིས་སྨན་པའི་མཛུབ་སྟོན་འོག་སྨན་གཏོང་དགོས། ས་གནས་ཁག་གི་སྨན་བཅོས་ཚན་པས་དྲ་ཐོག་སྨན་བཅོས་ལ་བརྟེན་ནས་ཁྱིམ་ཚང་གི་བདེ་ཐང་མཛུབ་སྟོན་དང་། བདེ་ཐང་དྲིལ་བསྒྲགས། སྨན་བཅོས་བློ་འདྲི་སོགས་ཀྱི་ཞབས་ཞུ་གཉེར་ཏེ་མང་ཚོགས་ཀྱིས་བོད་སྨན་ལུགས་དང་མཐུན་པའི་སྒོ་ནས་གཏོང་དགོས།
ཡིད་གཟབ་བྱེད་དགོས་པའི་དོན་ཚན།
གོང་གི་ནད་རྟགས་ལ་བསྟུན་ནས་སྨན་སྣ་རེ་གཉིས་སྤྱོད་དགོས་པར། སྨན་གྱི་བེད་སྤྱོད་གསལ་བཤད་ནང་འཁོད་པའི་ཐུན་ཚད་བཞིན་ཉིན་གསུམ་ནས་ལྔ་བར་གཏོང་དགོས། གལ་སྲིད་ནད་གཞི་དྲག་ཏུ་མ་སོང་བར་སྡུག་ཏུ་ཕྱིན་ཚེ། དུས་ཐོག་ཏུ་ཚད་ལྡན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།
གཉིས་པ། སྔོན་འགོག་ཇུས་གཞི།
གཅིག། སྔོན་འགོག
1.སྤྱོད་ལམ་གྱི་སྒོ་ནས་སྔོན་འགོག་བྱ་ཐབས།
སྤྱོད་ལམ་ཐད་ལུས་ཁམས་མ་འཁྲུགས་པ་དང་། རྒྱུན་དུ་ལག་པ་ཡང་སེ་བཀྲུ་བ། ཁ་རས་ཡག་པོ་རྒྱག་པ། སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཐུབ་པ། ལུས་སྦྱོང་འོས་འཚམ་བྱེད་པ། མི་འཛོམས་ས་དང་རིམས་ནད་མཆེད་ཡུལ་དུ་མི་སྐྱོད་པ། དེ་བཞིན་ཁོར་ཡུག་སྦགས་བཙོག་ཆེ་ས་སོགས་ལ་འགྲོ་རྒྱུར་འཛེམས་དགོས། བློ་བདེ་བག་ཕེེབས་སུ་གནས་ཤིང་དངངས་འཚབ་དང་འཇིགས་སྣང་སོགས་མི་བྱེད་པ་མ་ཟད། ནད་ཡམས་འདིར་ལྟ་ཚུལ་ཡང་དག་འཛིན་དགོས།
2.ཟས་སྐོམ་གྱི་སྒོ་ནས་སྔོན་འགོག་བྱ་ཐབས།
མངར་རུལ་གྱི་རིགས་དང་། རྗེན་ཟས། ངོ་བོ་གྱུར་བ། མི་འཕྲོད་པའི་ཟས་སོགས་སྤང་དགོས་པ་དང་། ལྷག་པར་དུ་ཟས་རིགས་གཡོས་སྦྱོར་སྐབས་ཤའི་རིགས་དང་སྒོ་ང་སོགས་ངེས་པར་དུ་འཚོད་པོར་བཙོ་དགོས་པ་དང་། ཆུ་སྐོལ་གང་མང་འཐུང་བ་དང་། ཟས་རིགས་སོས་པ་དང་བཅུད་ཆེ་བ་བཟས་ཏེ་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས།
3 སྨན་རྫས་ཀྱི་སྒོ་ནས་སྔོན་འགོག་བྱ་ཐབས།
1.རྫས་ཀྱིས་སྲུང་བ།
ཚད་ལྡན་སྨན་བསང་དང་བདུག་སྤོས། རིམས་སྲུང་དུད་པ། ནག་པོ་དགུ་སྦྱོར། རིམས་འགོག་རྫས་སྲུང་སོགས་ཀྱི་བདུག་པའམ་ལུས་ལ་འདོགས་དགོས།
2. སྨན་གྱིས་སྲུང་བ།
འཕྲུལ་ཐང་དང་། ལོ་གྱོན། གྲང་སྦྱོར། མང་སྦྱོར་སོགས་གང་འོས་གཏོང་རྒྱུ་དང་། དགོས་མཁོ་བྱུང་ཚེ་སྨན་པའི་མཛུབ་སྟོན་འོག་འཕྲུལ་ཐང་དང་ལོ་གྱོན་གཉིས་བསྲེས་ནས། བསྐོལ་ཏེ་བཏང་ན་འགྲིག སྔོན་འགོག་གི་སྨན་རྣམས་དུས་ཚོད་དང་ཚད་གཞི་འོས་འཚམ་བསྟེན་པ་ལས་ཡུན་རིང་གཏོང་མི་རུང་།