དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་གི་ལུས་རྩལ་རྐང་རྩེད་སྤོ་ལོའི་སློབ་ཁྲིད་སྐོར་གྱི་བསམ་ཚུལ་ཕྲན་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-21

    དུས་སྐབས་གསར་པའི་སློབ་ཆུང་གི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ལ་དགེ་རྒན་གྱིས་རྐང་རྩེད་སྤོ་ལོའི་སློབ་ཚན་གྲོལ་རྗེས་དུས་ཐོག་ཏུ་བསམ་གཞིག་དང་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཀྱི་རྣམ་པ་གསར་པ་གཏོད་པར་སྣང་ཆེན་བྱས་ཚེ། སློབ་མ་རྣམས་རྐང་རྩེད་སྤོ་ལོའི་སློབ་ཚན་ལ་སྤྲོ་བ་སླེབས་ནས་ལུས་རྩལ་རྩལ་ནུས་ཀྱི་ཤེས་བྱ་དང་བྱང་ཚད་གཞི་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་ཆགས་ཐུབ་ཅེས་འཁོད་ཡོད། དེས་ན་གུས་པས་གཤམ་དུ་རང་ཉིད་ཀྱི་ལོ་མང་སློབ་ཁྲིད་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། སློབ་ཆུང་གི་ལུས་རྩལ་རྐང་རྩེད་སྤོ་ལོའི་སློབ་ཁྲིད་སྐོར་ལ་བསམ་ཚུལ་ཅུང་ཙམ་བརྗོད་ན།

    གཅིག སློབ་མ་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་དགའ་པོ་ཡོང་བར་བྱེད་དགོས།

    བྱང་ཚད་སློབ་གསོའི་རྒྱབ་ལྗོངས་འོག སློབ་ཆུང་གི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཀྱི་སྤྲོ་སྣང་རང་བཞིན་རིམ་བཞིན་མང་དུ་ཕྱིན་ནས་རྒྱ་ཆེའི་སློབ་མ་ཚོས་དགའ་པོ་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། འོན་ཀྱང་སློབ་ཁྲིད་སྐབས་སུ་ཡོངས་ཁྱབ་སུ་གནས་པའི་གནད་དོན་ནི་སློབ་མ་བུ་རྣམས་རྐང་རྩེད་སྤོ་ལོའི་སློབ་ཚན་ལ་སྤྲོ་སྣང་ཆེ་བ་དང་། སློབ་མ་བུ་མོ་ཁག་གཅིག་རྐང་རྩེད་སྤོ་ལོའི་སློབ་ཚན་ལ་སྤྲོ་སྣང་དེ་ཙམ་མེད་པ། སློབ་མ་བུ་དང་བུ་མོའི་སྤྲོ་སྣང་གཅིག་མཐུན་མེད་པ་དེ་རེད། དེའི་རྐྱེན་ལས་རྐང་རྩེད་སྤོ་ལོའི་ལུས་རྩལ་ཁྱབ་གདལ་ནུས་ལྡན་གཏོང་བར་འགོག་རྐྱེན་བཟོ་གི་ཡོད་སྟབས་འགལ་རྐྱེན་འདི་རིགས་དུས་ཐོག་ཏུ་སེལ་བ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།

    དཔེར་ན་སློབ་ཚན《རྐང་ནང་གིས་རྐང་རྩེད་སྤོ་ལོ་རྒྱག་པ》ཞེས་པའི་འབྲེལ་ཡོད་ནང་དོན་སློབ་སྦྱོང་བྱེད་སྐབས། དང་ཐོག་རྐང་རྩེད་སྤོ་ལོ་མ་སྦྱངས་གོང་། དགེ་རྒན་གྱིས་སྣེ་མང་གཉེན་ཆས་ནས་གྲགས་ཅན་སྤོ་ལོ་རྒྱག་མཁན་གྱིས་སྤོ་ལོ་བསྟུད་མར་བླུགས་པའི་བརྙན་ཐུང་བསྟན་ནས། སློབ་མ་ཚོ་ཚོགས་ཆུང་དུ་བགོས་ནས་གྲགས་ཅན་སྤོ་ལོ་རྒྱག་མཁན་ལ་གྲོས་བསྡུར་བྱེད་དུ་འཇུག་དགོས། དེ་རྗེས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱས་ནས་སློབ་མ་ཚོར་སློབ་ཚན་འདིའི་སློབ་སྦྱོང་གི་དམིགས་ཡུལ་ཤེས་སུ་འཇུག་དགོས་པ་དང་དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་ནས་གྲ་སྒྲིག་སྒུལ་སྐྱོད་བྱེད་དགོས། དེ་ནས་སྒུལ་སྟངས་སྦྱོང་སྐབས། དགེ་རྒན་གྱིས་སྣེ་མང་གཉེན་ཆས་ནས་སྒུལ་སྟངས་ལ་དབྱེ་ཞིབ་བྱེད་པ་དང་། སློབ་མ་བཞི་ལ་སྤོ་ལོ་གཅིག་སྤྲད་དེ་སྦྱོང་དུ་འཇུག་དགོས་པ་མ་ཟད། སློབ་མ་རྣམས་ལ་བརྙན་ལམ་བལྟས་ནས་རྐང་ནང་སྤོ་ལོ་རྒྱག་རྩལ་ལ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱེད་དུ་འཇུག་དགོས། སྦྱོང་བརྡར་བྱེད་པའི་བརྒྱུད་རིམ་དུ་དགེ་རྒན་གྱིས་ཚོགས་ཆུང་ཁག་ཏུ་སྐོར་ཞིབ་ཡང་སེ་བྱས་ཏེ། དཀའ་གནད་འཕྲད་པའི་ཚོགས་ཆུང་ལ་དུས་ཐོག་ཏུ་བློ་སྒོ་ཕྱེ་ནས་སློབ་མའི་ལུས་རྩལ་སློབ་སྦྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་། ཁོ་ཚོའི་སྦྱོང་བརྡར་གྱི་གནས་ཚུལ་ལ་གཞིགས་ནས་སྒུལ་སྟངས་དང་གནད་འགག་ལ་ཕྱོགས་སྡོམ་བྱེད་དགོས། མཇུག་ཏུ་ཚོགས་ཆུང་ནས་འཐུས་མི་བདམས་ཏེ་སྦྱོང་བརྡར་ཇི་ལྟར་བྱུང་མིན་ལྟ་དགོས།

    གཉིས། སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིག་གནས་ཀྱི་ཁོར་ཡུག་སྐྲུན་དགོས།

    སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིག་གནས་ལ་རྐང་རྩེད་སྤོ་ལོའི་སྒྲིག་ཆས་དང་། བྱེད་སྒོ། འགྲན་བསྡུར། འཁྲབ་སྟོན་སོགས་ཚུད་པ་མ་ཟད། ད་དུང་ལུས་རྩལ་གྱི་སྙིང་སྟོབས་དང་། ལྟ་བ། འདུ་ཤེས། ཀུན་སྤྱོད། དར་སྲོལ་སོགས་ཀྱང་ཚུད་ཡོད། སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིག་གནས་ཀྱི་རྣམ་པ་གཏོད་པ་ནི་བྱང་ཚད་སློབ་གསོའི་དམིགས་ཚད་དང་འཚམ་ལ་སློབ་མར་རོལ་རྩེད་དང་ལུས་སྦྱོང་བྱེད་ས་ཡང་མཁོ་འདོན་བྱེད་ཐུབ། དེ་དང་ཆབས་ཅིག་སློབ་གྲྭར་རྐང་རྩེད་སྤོ་ལོའི་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཚེ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དབར་ལ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པའང་ཐོན་ཐུབ། དེས་མ་ཟད་ད་དུང་སློབ་གྲྭའི་བསམ་པའི་རིག་གནས་འཛུགས་སྐྱོང་དེ་བས་ལེགས་པར་ཐུབ་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་ལུས་རྩལ་གྱི་རིན་ཐང་ལ་ངོས་འཛིན་སྔར་བས་ཟབ་ཏུ་དང་། ལུས་རྩལ་སློབ་ཚན་གྱི་རིན་ཐང་དེ་བས་ཁ་གསལ་དུ་འགྲོ་ཐུབ།

    གསུམ། རྐང་རྩེད་སྤོ་ལོའི་རྩེད་རྩལ་སློབ་མཁས་པོ་་བྱེད་དགོས།

    རྐང་རྩེད་སྤོ་ལོའི་ལུས་རྩལ་བྱ་འགུལ་འདིའི་ནང་དུ་ལུས་རྩལ་རྩེད་རྩལ་མང་པོ་འདུས་ཡོད་མོད། འོན་ཀྱང། རྩེད་རྩལ་དེ་དག་སློབ་ཁྲིད་བྱེད་སྐབས་སློབ་ཆུང་སློབ་མར་འཚམ་མིན་ཐད་བསམ་གཞིག་བྱེད་དགོས། དེར་བརྟེན་དོན་དངོས་ཀྱི་སློབ་ཆུང་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ལ་དགེ་རྒན་གྱིསརྐང་རྩེད་སྤོ་ལོའི་རྩེད་རྩལ་ལུགས་མཐུན་བཀོལ་ནས་སློབ་ཁྲིད་བྱས་ཏེ། རྐང་རྩེད་སྤོ་ལོའི་འགྱུར་ལྡོག་མང་བའི་ལུས་རྩལ་རྩེད་རྩལ་དང་ལུས་རྩལ་སློབ་ཚན་གྱིས་སློབ་མའི་གཟུགས་གཞི་ཇེ་ཐང་དུ་གཏོང་བའི་སློབ་ཁྲིད་ཀྱི་དམིགས་འབེན་ཕན་ཚུན་མཐུན་པར་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་ཐུབ། དཔེར་ན་སློབ་མར་རྨང་གཞིའི་རྩེད་རྩལ་སྦྱོང་བརྡར་སྤྲོས་སྐབས་དགེ་རྒན་གྱིས་སྤོ་ལོ་རྩེ་བ་དང་། སྤོ་ལོ་འཁྲིད་པ། སྤོ་ལོ་གཞུ་བ་སོགས་ཀྱི་ཐབས་རྩལ་སྡེབ་སྒྲིག་བྱས་ནས་འགག་སྒོ་སྒྲོལ་བའི་རོལ་རྩེད་ཅིག་ཏུ་ཇུས་འགོད་བྱ་ཆོག་པ་སྟེ། དེའང་ཐོག་མར་སློབ་མར་སྤོ་ལོ་ཐེངས་15རྩེ་རུ་བཅུག་ནས། རྩེད་རྩལ་དེར་བརྟེན་ནས་སློབ་མའི་ལུས་པོའི་རང་འགུལ་ཚོད་འཛིན་ནུས་པ་སྐྱེད་སྲིང་བྱས་ཏེ་སློབ་མར་ལུས་པོའི་འགུལ་སྟངས་དང་ཤུགས་ཚད་ཁོང་དུ་ཡང་དག་ཆུད་དུ་འཇུག་དགོས་པ་དང་། དེ་ནས་སློབ་མར་སྤོ་ལོ་སྨི་60ཡི་སར་འཁྲིད་དུ་བཅུག་ནས། རྩེད་རྩལ་དེར་བརྟེན་ནས་སློབ་མའི་མཐའ་མའི་གདོང་མཆོང་ནུས་པ་སྐྱེད་སྲིང་བྱས་ཏེ་སློབ་མའི་ཐོལ་ཤུགས་དང་ཐུང་རྒྱུག་གི་མཐའ་མའི་གདོང་མཆོང་ནུས་པ་མཐོ་རུ་གཏོང་དགོས་པ། མཇུག་ཏུ་སློབ་མར་ས་མཚམས་ཕྱི་ནས་སྤོ་ལོ་གཡུག་སྟངས་ཚད་ལྡན་གྱི་སྒོ་ནས་དམིགས་སར་གཡུག་ཏུ་འཇུག་དགོས། རྩེད་རྩལ་དེས་སློབ་མའི་སྐེད་པ་དང་དཔུང་པའི་ཤུགས་ལ་སྦྱོང་བརྡར་བྱེད་ཐུབ།

    བཞི། ཕྱོགས་སྡོམ།

    མདོར་ན་རྐང་རྩེད་སྤོ་ལོ་ནི་སློབ་ཆུང་ལུས་རྩལ་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ཞིག་གི་ངོས་ནས་སློབ་མའི་ལུས་སེམས་བདེ་ཐང་དང་ཚེ་གང་ལུས་རྩལ་གྱི་ལྟ་བ་འཛུགས་པར་གལ་འགངས་ཤིན་ཏུ་ཆེ། དེར་བརྟེན་སློབ་ཆུང་གི་ལུས་རྩལ་དགེ་རྒན་ཞིག་གི་ཆ་ནས་བཤད་ན། མུ་མཐུད་སློབ་མའི་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་སྤྲོ་སེམས་སྐུལ་སློང་བྱེད་དགོས་པ་དང་། རྐང་རྩེད་སྤོ་ལོའི་རྩེད་རྩལ་དང་སློབ་ཁྲིད་ཀྱི་ནང་དོན་ཟུང་འབྲེལ་བྱས་ཏེ། སློབ་མའི་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་ནུས་པ་མུ་མཐུད་མཐོ་རུ་གཏོང་དགོས། དེ་དང་མཉམ་དུ་ད་དུང་སློབ་མའི་འཐབ་རྩལ་གྱི་བསམ་གཞིག་ནུས་པ་སྐྱེད་སྲིང་བྱེད་པར་དོ་སྣང་བྱས་ཏེ། སློབ་མ་སེམས་གཏིང་ནས་རྐང་རྩེད་སྤོ་ལོའི་སློབ་ཚན་ལ་དགའ་ཕྱོགས་སླེབས་པར་བྱེད་དགོས།

    (བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་ལྟེ་བའི་སློབ་ཆུང་། དབང་ལྡན་ནོར་བུ)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།