དེང་གི་དུས་སུ་སློབ་ཆུང་སློབ་མ་ཕན་ཚུན་སྐད་ཆ་ཤོད་སྐབས། ཁ་སྐད་སྤྱོད་པ་ལས་ཡིག་སྐད་སྤྱོད་མཁན་ཤིན་ཏུ་དཀོན་ལ། དེས་མ་ཟད་ཁྱིམ་བདག་དང་དགེ་རྒན། སློབ་ཕྲུག་བཅས་ཚང་མས་དེར་སྣང་བ་དེ་ཙམ་འཇོག་གི་མེད། དེའི་རྐྱེན་ལས་སློབ་ཆུང་སློབ་མའི་བོད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད།
གཅིག ཁ་སྐད་ཀྱི་སྣང་ཚུལ།
ཁ་སྐད་དང་ཡིག་སྐད་དབར་གྱི་འགལ་བ་ནི་ལྟོས་བཅས་ཀྱི་འགལ་བ་ཞིག་ཡིན་པ་དང་། འགལ་བའི་ཕྱོགས་གཙོ་བོ་ནི་ཡུལ་སྐད་གཅིག་གྱུར་མེད་པར་ཐུག་ཡོད། བོད་སྐད་ལས་ཁ་སྐད་ཅེས་པ་ནི་མི་ཕན་ཚུན་དབར་སྐད་ཆ་ཤོད་རེས་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་ལ་ཕན་ཚུན་བརྡ་སྤྲོད་བྱེད་ཅིག་རེད། བོད་སྐད་དུ་ཁ་སྐད་དང་ཡིག་སྐད་དབར་རྒྱང་ཐག་ངེས་ཅན་ཞིག་ཡོད་སྟབས། དགེ་རྒན་དང་སློབ་ཕྲུག ཁྱིམ་བདག་བཅས་ཚང་མས་ངེས་པར་དུ་ཧུར་ཐག་འབད་ཐག་གིས་རྒྱང་ཐག་དེ་ཇེ་ཐུང་དུ་གཏོང་དགོས་པ་ལས་དེར་སྣང་ཆུང་ཁྱད་གསོད་བྱེད་མི་རིགས།
ཁ་སྐད་ཡིག་ཐོག་ཏུ་འབེབས་པར་བྱེད་པ་ལ་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དགོས་པར་སྣང་ཞིང་། ཁ་སྐད་ཐད་ཀར་བྲི་མི་རུང་བར་མཐོང་། གལ་ཏེ་ཐད་ཀར་བྲིས་ཚེ་དག་ནོར་མང་བ་དང་བྲིས་པ་རྣམས་གོ་དཀའ་བ། འབྲི་དུས་སྟབས་མི་བདེ་བ། ཀློག་དུས་ཀློག་མི་བདེ་བའི་སྣང་ཚུལ་ཐོན་པ་མ་ཟད། ཁྱད་མཚར་ཅན་ཞིག་ཏུ་འགྱུར་འགྲོ དཔེར་ན་སློབ་ཕྲུག་ཚོས་འདི་ལྟར་འབྲི་བ་སྟེ། “ལུག་འཚོ་མཁན་གྱི་གུར་དོག་བརྒྱབ”ཅེས་པ་དང་། “ངས་ཁོ་ལ་མོག་ཟན་བཞུས་པ་ཡིན”ཟེར་བ་ལྟ་བུ་མིང་ཚིག་ཐ་སྙད་མ་འདང་བའི་ཁ་སྐད་ཐད་ཀར་འབྲི་སྲོལ་མང་དུ་ཐོན་པ་ལྟ་བུའོ། འོ་ན། ཁ་སྐད་ཐད་ཀར་ཡིག་ཐོག་ཏུ་མ་བྲིས་པར་སེམས་ལ་བསམ་པ་དང་། རྗོད་འདོད་པ་རྣམས་ཡིག་ཐོག་ཏུ་འབེབས་སྐབས། ཁ་དང་སེམས། སྨྱུག་རྩེའི་བར་དུ་བསམ་བློ་ཞིག་བརྒྱུད་ནས་ཡིག་སྐད་ཀྱི་མིང་དང་ཐ་སྙད་དྲན་པར་བྱེད་དགོས་པ་མ་ཟད། སྔོན་རྗེས་ཡང་གསུམ་དང་རྗེས་འཇུག་གང་གི་རྗེས་སུ་ཕྲད་གང་ཞིག་སྦྱོར་དགོས་པ་སོགས་ཕྱོགས་ཡོངས་ནས་བསམ་གཞིག་ཕྲ་མོ་བྱས་ནས་འབྲི་དགོས།
མིང་དང་ཚིག་བསགས་ན་སླད་ཕྱིན་བརྗོད་ཕྲེང་བཟོ་བ་དང་། རྩོམ་ཡིག་འབྲི་སྐབས་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་སྟབས། མིང་ཚིག་གསོག་པར་བྱ་ཐབས་མང་པོ་ཡོད་པ་སྟེ། ཡང་ཡང་བཀླགས་ནས་ཁ་ལ་བྱང་བར་བྱེད་དགོས་པ་དང་སྦྲེལ་ངག་ནས་ཤོད་ཐུབ་པ། མིང་གཅིག་ལ་དོན་འདྲ་བ་དུ་མ་བློ་ལ་ངེས་པ། དོན་གཅིག་ལ་མིང་མི་འདྲ་བ་དུ་མ་བློ་ལ་ལྡན་དགོས་པ། ཕན་ཚུན་ལྡོག་ཟླར་གྱུར་པའི་ཐ་སྙད་མང་པོ་ཡིད་ལ་ངང་ངམ་ཤུགས་སུ་དྲན་པ་སོགས་བྱུང་ཚེ་གཞི་ནས་ཡི་གེ་འབྲི་སྐབས་ཀྱི་དགོས་མཁོ་སྐོང་ཐུབ་ངེས་ཡིན།
གཉིས། ཁ་སྐད་འབྲེལ་འདྲིས།
ཁ་སྐད་འབྲེལ་འདྲིས་ནི་སྐད་ཡིག་སློབ་ཚན་གྱི་ཚད་གཞིའི་རེ་འདུན་རེད། བསླབ་གཞིའི་ནང་གི་ཁ་སྐད་འབྲེལ་འདྲིས་རྣམས་འཚོ་བའི་ཁྲོད་ཀྱི་སྐད་ཆ་སྦྱོང་བ་དང་། སློབ་སྦྱོང་སྐོར་གྱི་སྐད་ཆ་སྦྱོང་བ་སོགས་ཡིན་པས། དེ་དག་ནི་ཅུང་མང་ཆེ་བ་ཡིག་སྐད་ནས་བྲིས་པའི་སྐད་ཆ་ཤོད་རེས་བྱེད་པའི་ཐབས་ལམ་ཞིག་ཡིན་པར་མངོན། ཡིན་ནའང་ཁ་སྐད་ནས་བྲིས་པའི་མིང་ཚིག་ཀྱང་མཉམ་དུ་འདྲེས་ནས་རེ་ཟུང་ཡོད་པར་མཐོང་། མི་རྣམས་ཀྱི་ཁ་སྐད་འབྲེལ་འདྲིས་སྐབས་བཤད་ཡུལ་གྱི་མི་གང་འཁྲིས་སུ་ཡོད་པ་དང་། ལག་བརྡ་དང་རྣམ་འགྱུར་འགུལ་ཚུལ་ནས་བསམ་བློ་དང་བརྩེ་དུང་མཚོན་ཐུབ།
ལྗོངས་ཞིང་ལྔའི་སྐད་ཡིག་སློབ་ཚན་གྱི་ཚད་གཞི་སྤྱི་ལོ་2005ལོར་པར་འདེབས་དང་པོའི་ཚོད་ལྟའི་མ་ཕྱི་ནང་ཁ་སྐད་འབྲེལ་འདྲིས་ཀྱི་བྱེ་བྲག་དམིགས་ཚད་ནང་སྨྲ་ལྕེ་བདེ་ཞིང་སྒྲ་གདངས་གསལ་བའི་སྒོ་ནས་སྐད་ཆ་ཤོད་ཐུབ་པ། རྣ་བ་གཏད་ནས་གཞན་གྱི་སྐད་ཆར་ཉན་ཐུབ་པ། གོ་བརྡ་སྤྲོད་ཐུབ་པ་སོགས་ཀྱི་རེ་བ་བཏོན་ཡོད་པ་ལྟར་བསླབ་གཞིའི་ནང་འཁོད་ཀྱི་སྐད་ཆ་ཤོད་རེས་སྦྱོང་བའི་སློབ་ཚན་ལ་དག་སྣང་ཆེན་པོས་སྦྱོང་གལ་ཆེ་བ་དང་། ཤོད་མཁན་དང་ཉན་མཁན་གཉིས་བསམ་ཚུལ་སྤེལ་རེས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་སྟབས། ང་ཚོས་དགེ་སློབ་དབར་ཁ་སྐད་འབྲེལ་འདྲིས་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་ནས་རྒྱུན་གཏན་འཚོ་བའི་ཁྲོད་ཁ་སྐད་འབྲེལ་འདྲིས་ཀྱི་ནུས་པའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་དགོས།
ཁ་སྐད་འབྲེལ་འདྲིས་ཀྱི་སློབ་ཚན་ནི་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་གཙོ་གནད་སློབ་ཁྲིད་ཀྱི་ནང་དོན་ཞིག་ཡིན་ཞིང་། དེ་མི་དང་མིའི་དབར་གྱི་འབྲེལ་འདྲིས་ཀྱི་ཟམ་པ་ལྟ་བུར་གྱུར་ནས་མིའི་དབར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གཏམ་བརྗོད་ཀྱི་ནུས་རྩལ་མཐོ་རུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད། གནའ་མིའི་གཏམ་དཔེར“ཕར་བཤད་གཏམ་གྱི་སྒྲ་དག་པ། ཚུར་བཤད་གཏམ་གྱི་དོན་གོ་བ”ཞེས་པ་ལྟར་འཆད་ཉན་ཟུང་གིས་ཕྱིན་ཆད་ཀྱི་རྩོམ་འབྲིའི་ནུས་རྩལ་གོང་མཐོར་གཏོང་བར་ཕན་ནུས་ཆེན་པོ་ཐོན་སྲིད།
སྤྱིར་ཁ་སྐད་དང་ཡིག་སྐད་ཅེས་པ་སྐད་ཡིག་ཕལ་ཆེ་བར་ཡོད་ཀྱང་སྐད་ཡིག་དེ་ཚོར་བོད་ཀྱི་ཁ་སྐད་དང་ཡིག་སྐད་ལྟར་རྒྱང་ཐག་རིང་པོ་དེ་ཙམ་ཡོད་མེད་མི་ཤེས། འོན་ཀྱང་རྒྱ་སྐད་ལྟ་བུར་མཚོན་ན་རྒྱང་ཐག་དེ་ཙམ་མེད་པ་མ་ཟད་ངག་ཐོག་ནས་གཏམ་གླེང་གང་བྱས་པ་ཕལ་ཆེར་ཇི་མ་ཇི་བཞིན་དུ་ཡིག་ཐོག་ཏུ་འབྲི་ཐུབ་པ་ལྟ་བུ་དང་། སེམས་ལ་གང་བསམས་པ་དང་ངག་ནས་གང་བརྗོད་འདོད་པ་དག་ཡིག་ཐོག་ཏུ་ཐད་ཀར་འབྲི་ཆོག་པར་སྣང་། དེ་ལས་ལྡོག་སྟེ་བོད་ཡིག་ནས་བྲིས་པའི་གཏམ་བཤད་ཅིག་ཡིན་ཕྱིན་དེའི་དོན་དག་ཉན་པ་པོས་ཤེས་པར་བྱེད་པ་ལ་ཁ་སྐད་དང་ཕལ་སྐད་ནས་འགྲེལ་བཤད་བྱེད་དགོས་པ་ཡང་ཡོང་གི་ཡོད། ཁ་སྐད་རྐྱང་པ་ཁོ་ན་སྤྱད་ནས་ཡི་གེ་བྲིས་ན་ཁ་སྐད་དང་ཡིག་སྐད་རྒྱང་ཐག་ཇེ་རིང་དུ་སོང་ནས“གློ་བར་མི་ཕན་མཆིན་པའི་དུག”ཟེར་བ་ལྟར་ནམ་ཞིག་བོད་ཀྱི་རིག་གནས་སྐོར་གྱི་གསུང་རབ་བསྟན་བཅོས་རྣམས་ཀྱི་གོ་དོན་ཡང་རྟོགས་དཀའ་བའི་གནས་སུ་མི་གྱར་བའི་ངེས་པ་མེད། དེར་བརྟེན་སློབ་ཆུང་སློབ་མ་ཚོ་རྩོམ་ཡིག་འབྲི་སྐབས་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་ཡང་ཁ་སྐད་འབྲེལ་འདྲིས་འདི་ལ་ཐུག་པར་སེམས།
སློབ་ཆུང་བསླབ་གཞིར་ཁ་སྐད་འབྲེལ་འདྲིས་ཞེས་པའི་སྡེ་ཚན་ཞིག་ཡོད་པར་ཁ་སྐད་འབྲེལ་འདྲིས་གཙོ་བོར་མ་བཟུང་བར་ཡིག་སྐད་འབྲེལ་འདྲིས་ཀྱི་ཁྱོད་ཆོས་མངོན་པར་བྱས་ཡོད་ཅིང་། དེའི་ནང་མི་སྣ་ཕན་ཚུན་གླེང་མོལ་བྱེད་སྐབས་ཡིག་སྐད་སྤྱོད་ཡོད་པས་ཕྱིས་འབྱུང་དེའི་ཐད་ཤུགས་སྣོན་རྒྱག་དགོས་པའི་རེ་བ་ཤུགས་སུ་བསྟན་ཡོད་མོད། འོན་ཀྱང་དགེ་སློབ་གཉིས་ཀས་ད་བར་ཧ་ལམ་སྣང་མེད་དུ་སོང་བ་རེད།
གསུམ། སློབ་མར་ཡིག་སྐད་ཀྱི་སྦྱོང་བརྡར་བྱེད་དགོས།
སློབ་མར་ཡིག་སྐད་ཀྱི་སྦྱོང་བརྡར་སྤྲོས་དགོས་ན། ལོ་རིམ་དང་པོ་ནས་ལོ་རིམ་དྲུག་པ་བར་དགེ་རྒན་མ་བརྗེས་པར་ལོ་དྲུག་རིང་དགེ་རྒན་གཅིག་ལ་འཛིན་གྲྭ་གཅིག་རྩིས་སྤྲད་དེ་དགེ་རྒན་དེས་ལོ་དྲུག་རིང་ཡིག་སྐད་ཀྱི་སྦྱོང་བརྡར་བྱེད་དགོས་ཤིང། དེ་ཡང་སློབ་ཁྲིད་སྐབས་དང་བར་སེང་གི་དུས་སུ་སློབ་མ་ཚོས་ཡིག་སྐད་ནས་སྐད་ཆ་ཤོད་དགོས་པ་དང་། དེ་བཞིན་དུས་དང་རྣམ་པ་ཀུན་ཏུ་སློབ་མ་རྣམས་དང་སྐད་ཆ་ཤོད་རེས་བྱེད་ཚད་ལ་ཡིག་སྐད་སྤྱོད་དགོས་ཤིང་། སློབ་ཕྲུག་ཚང་མར་ཡིག་སྐད་ཤོད་དགོས་པའི་རེ་བ་འདོན་དགོས་པ་མ་ཟད། ཨུ་ཚུགས་མཐར་སྐྱེལ་གྱིས་ཤོད་དུ་འཇུག་དགོས། སྦྱོང་བརྡར་ཡུན་ཉིན་འགའ་ཤས་དང་། ཟླ་བ་འགའ་ཤས་མ་ཡིན་པར་ལོ་དྲུག་གི་རིང་དུ་བྱེད་དགོས་དང་། ཡང་སྐོར་བསྐྱར་སྐོར་དུ་ཤོད་དུ་འཇུག་དགོས་པ། རྒྱུན་འཁྱོངས་དང་མཐའ་འཁྱོངས་བྱེད་རྒྱུར་ལྷོད་གཡེང་ཡེ་ནས་མ་བྱས་པར་ཆུ་བོའི་རྒྱུན་བཞིན་སྐྱོང་ཐུབ་པར་བྱེད་དགོས།
དེ་ལྟར་ལོ་མང་སྦྱོང་བརྡར་སྤྲས་ཚེ། ལོ་རིམ་མཐོ་སར་སླེབས་སྐབས་བརྗོད་པ་བཟོ་བ་དང་། རྩོམ་ཐུང་འབྲི་བར་དཀའ་ངལ་འཕྲད་མི་སྲིད་ལ་འབྲི་བདེ་བའི་ཚོར་སྣང་ཞིག་རང་ཤུགས་སུ་ཡོང་ཐུབ། (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ། ངག་དབང་དབྱངས་ཅན)