དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དུས་རིམ་གསར་པའི་དམའ་རིམ་སློབ་འབྲིང་གི་འཛིན་གྲྭའི་ཀྲུའུ་རེན་དོ་དམ་ལས་དོན་ཐད་ཀྱི་གསར་གཏོད་དབྱེ་ཞིབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-08

    དམའ་འབྲིང་གི་སློབ་མ་ནི་མི་ཚེའི་གནད་འགག་གི་དུས་རིམ་ཡིན་ལ། ལུས་ཕུང་དང་སེམས་ཁམས་ཚང་མར་འགྱུར་ལྡོག་བྱུང་བཞིན་ཡོད། ཡིན་ཡང་ཤེས་རྟོགས་ཀྱི་ནུས་པ་དང་། བསམ་གཞིག་གི་ནུས་པ། ཆ་འཕྲིན་དབྱེ་འབྱེད་ཀྱི་ནུས་པ་སོགས་ལྟོས་བཅས་ཀྱིས་ཅུང་དམའ་བས། ཕྱི་རོལ་གྱི་ཤུགས་རྐྱེན་སྣ་ཚོགས་ཐེབས་ཏེ། དམའ་འབྲིང་གི་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགོག་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད། དེར་བརྟེན་དམའ་རིམ་སློབ་འབྲིང་གི་འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མའི་རིག་གནས་སློབ་ཚན་གྱི་སྦྱངས་འབྲས་ལ་དོ་སྣང་བྱེད་དགོས་པ་མ་ཟད། ད་དུང་འཛིན་གྲྭའི་དོ་དམ་ལས་དོན་ལའང་ཤུགས་སྣོན་རྒྱག་དགོས།

    གཅིག དམའ་འབྲིང་གི་འཛིན་བདག་རྣམ་པའི་དོ་དམ་ཁྲོད་ཀྱི་རྒྱུན་མཐོང་གནད་དོན།

    ༡ འཛིན་གྲྭའི་ཀྲུའུ་རེན་ཁ་ཤས་ཀྱི་སློབ་གསོ་དང་དོ་དམ་གྱི་ཆུ་ཚད་ཅུང་དམའ་བ།

    སློབ་གསོའི་དོ་དམ་དང་འབྲེལ་བའི་ནང་དོན་དང་རྣམ་པ་ཅུང་རྙོག་འཛིང་ཆེ་ཞིང་། འཛིན་གྲྭའི་ཀྲུའུ་རེན་ཁ་ཤས་ཀྱི་སློབ་གསོའི་གཞུང་ལུགས་ཀྱི་ཆུ་ཚད་དུས་བསྟུན་མདུན་སྐྱོད་བྱེད་མི་ཐུབ་པས། སྔར་བཞིན་སྲོལ་རྒྱུན་གྱི་སློབ་གསོའི་དོ་དམ་གཞུང་ལུགས་ཀྱིས་གཙོ་ཁྲིད་བྱེད་པར་གོམས་ཡོད་པའི་ཁར། འཛིན་གྲྭའི་དོ་དམ་བྱེད་སྟངས་ལ་ཚན་རིག་གི་རང་བཞིན་ཡང་མེད་ཕྱིན། འཛིན་བདག་གིས་དེང་སྐབས་དམའ་འབྲིང་སློབ་མའི་དོ་དམ་བྱེད་སྟངས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དོ་དམ་ལག་བསྟར་བྱེད་ཐུབ་མིན་ལ་ཁག་ཐེག་གང་ལེགས་བྱེད་དགོས།

    ༢ དོ་དམ་ལམ་ལུགས་ཚད་ལྡན་མེད་ལ་ཡང་དག་རིན་ཐང་ལྟ་བའི་ཁྲིད་སྟོན་ཐོག་ལ་སྣང་ཆུང་ཤོར་བ།

    དམའ་འབྲིང་གི་དུས་རིམ་ནི་མི་ཚེའི་རིན་ཐང་ལྟ་བ་ཆགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན། དེས་སླད་ཕྱིན་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཐུབ་མིན་ཐད་ཀར་ཐག་གཅོད་བྱས་ཡོད། འཛིན་བདག་གིས་ཚད་ལྡན་གྱི་དོ་དམ་ལམ་ལུགས་དང་ཡང་དག་པའི་རིན་ཐང་གི་སྣེ་ཁྲིད་ལ་བརྟེན་ན་ད་གཟོད་སློབ་མ་ཡང་དག་པའི་ཕྱོགས་སུ་འཕེལ་བར་ཁག་ཐེག་བྱེད་ཐུབ། འོན་ཀྱང་དགེ་རྒན་རང་ངོས་དང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་སོགས་ཀྱི་ཚོད་འཛིན་ཐེབས་པ་དང་། འཛིན་གྲྭའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ།  དོ་དམ་ལམ་ལུགས་ལག་བསྟར་བྱེད་སྐབས་བྲེལ་ཟིང་གི་སྣང་ཚུལ་ཐོན་ནས་མཐར་འཛིན་གྲྭའི་དོ་དམ་ལམ་ལུགས་དེ་མིང་ཙམ་དུ་གྱུར་ཡོད། གཞན་ཡང་འཛིན་བདག་གིས་འཛིན་གྲྭ་དོ་དམ་བྱེད་སྐབས་སློབ་སྦྱོང་གི་སྦྱང་འབྲས་དམིགས་སུ་བཟུང་བས། སློབ་མའི་བསམ་བློ་དང་ཀུན་སྤྱོད་ཐོག་ལ་སྣང་ཆུང་ཤོར་བས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

    ༣ འཛིན་གྲྭའི་དོ་དམ་སློབ་ཁྲིད་ཐོག་ལ་ཕྱིར་འདང་བྱ་རྒྱུ་ཉུང་སོང་བ།

    དམའ་རིམ་སློབ་འབྲིང་གི་འཛིན་བདག་གིས་འཛིན་གྲྭའི་དོ་དམ་ལ་རེ་བ་ཅུང་མཐོ་ལ། འཛིན་གྲྭའི་དོ་དམ་བྱ་བའི་ཁྲོད་འཛིན་བདག་ཁ་ཤས་ཀྱིས་འབད་པ་ཆེན་པོ་བྱས་མོད། འོན་ཀྱང་གྲུབ་འབྲས་དེ་ཙམ་མི་ལེགས་ལ། འཛིན་གྲྭའི་དོ་དམ་སློབ་ཁྲིད་ལ་བསམ་གཞིག་བྱ་རྒྱུ་དབེན་པས། དེང་རབས་སློབ་མའི་སེམས་ཁམས་འཕེལ་རྒྱས་ཀྱི་དོན་དངོས་ལ་རྒྱུས་ལོན་མ་བྱུང་བས་སློབ་མའི་དོ་དམ་བྱ་བར་གནད་དོན་བྱུང་བ་རེད།

    གཉིས། དམའ་འབྲིང་དུས་རིམ་གྱི་སློབ་མའི་ཁྱད་ཆོས།

    དམའ་འབྲིང་གི་དུས་རིམ་ནི་སློབ་མ་རྣམས་བྱིས་པ་ནས་གཞོན་ནུའི་ཕྱོགས་སུ་བར་བརྒལ་བྱེད་པའི་དུས་སྐབས་ཡིན་ལ། དམའ་རིམ་སློབ་འབྲིང་གི་སློབ་མ་ལོ་བཅུ་གྲངས་ལས་སོན་མེད་ཀྱང་། དེའི་དཔྱོད་ཤེས་ཀྱི་བསམ་བློ་དང་སེམས་ཁམས་ད་དུང་གཞོན་ནུའི་དུས་སུ་གནས་ཡོད་པས་སྔར་བཞིན་སློབ་ཆུང་སློབ་མའི་ཁྱད་ཆོས་མངོན་གྱི་ཡོད་པས། དུས་རིམ་འདིར་ཁོང་ཚོར་ཕྱི་རོལ་གྱི་ཤུགས་རྐྱེན་ཐེབས་སླ།   འདི་ལྟ་བུའི་ཚོར་སྣང་སྐྱེན་པའི་སློབ་འབྲིང་སློབ་མར་འཛིན་བདག་གིས་དུས་རིམ་མི་འདྲ་བའི་འཛིན་བདག་ལས་སློབ་མའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་བྱས་ཏེ། དུས་ཐོག་ཏུ་སློབ་མར་བྱམས་སྐྱོང་། དོ་ཁུར།  སེམས་ཁུར་བཅས་བྱེད་པའི་ཐོག  སློབ་མར་བརྩེ་བ་བཅངས་ནས་གདུང་སེམས་མཉམ་སྐྱེས། བདག་གཞན་མཉམ་བརྗེའི་ཐབས་ལམ་བརྒྱུད་དེ།  སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    གསུམ། དུས་རིམ་གསར་པའི་དམའ་རིམ་སློབ་འབྲིང་གི་འཛིན་གྲྭའི་ཀྲུའུ་རེན་གྱི་དོ་དམ་ལས་ཀའི་གསར་གཏོད་ཐོག་གི་ཐབས་ཇུས་དབྱེ་ཞིབ།

    ༡ སློབ་མའི་སེམས་ཁམས་ལ་རྒྱུས་ལོན་གང་ལེགས།

    སློབ་གསོའི་འདུ་ཤེས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན། རིགས་ཁག་གི་སློབ་གསོའི་རིགས་གཅིག་མཁས་པ་ཚང་མས་སློབ་མའི་སེམས་ཁམས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད། འཛིན་བདག་གིས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལ་འགན་ཁུར་དགོས་པ་མ་ཟད། སློབ་མའི་ལུས་སེམས་གཉིས་ཀར་ཡང་འགན་ཁུར་དགོས། ལྷག་དོན་དུ་སློབ་མའི་སེམས་ཁམས་བདེ་ཐང་ལ་མཐོང་ཆེན་བྱས་ཏེ། སེམས་ཁམས་རྒྱུན་ལྡན་མིན་པའི་སློབ་མར་དུས་ཐོག་ཏུ་སེམས་ཁམས་བདེ་ཐང་གི་སྒོ་དབྱེ་འབྱེད་དགོས་ལ། སློབ་མའི་རང་བཀུར་གྱི་བསམ་པ་སྲུང་སྐྱོང་བྱེད་པར་སྣང་ཆེན་བྱས་ཏེ་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་དགོས།

    ༢ སློབ་མའི་ཀུན་སྤྱོད་སློབ་གསོར་གཙིགས་ཆེན་བྱས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས།

    དམའ་འབྲིང་གི་དུས་རིམ་ནི་མི་ཚེའི་རིན་ཐང་ལྟ་བ་ཆགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཕྱིན། འཛིན་བདག་ནི་འཛིན་གྲྭའི་དོ་དམ་པ་དང་། ལག་བསྟར་མཁན་ཡིན་པས་སློབ་མའི་ཕྱོགས་སྟོན་པ་ཡིན། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་འཛིན་བདག་གིས་སློབ་མའི་རིག་གནས་སློབ་སྦྱོང་ཁོ་ན་ཙམ་མ་ཡིན་པར་ད་དུང་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་སེམས་ཁམས་བདེ་ཐང་སོགས་ལ་དོ་སྣང་བྱས་ནས་སློབ་མ་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱ་དགོས།

    ༣ འཛིན་གྲྭའི་ཀྲུའུ་རེན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།

    འཛིན་བདག་གིས་སློབ་མའི་དགོས་མཁོ་གང་ཡིན་པ་ཤེས་རྟོགས་གཏིང་ཟབ་བྱས་ནས་འཇུག་སྒོ་འཚོལ་དགོས། དང་པོ། བསམ་བློ་ནས་འགོ་བརྩམས་ཏེ་ཡང་དག་པའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་། དོན་ངོ་མའི་ཐོག་ནས་སློབ་མར་སེམས་ཁུར་བྱེད་དགོས། གཉིས་པ། སློབ་མའི་སེམས་ཁམས་ལ་དོ་སྣང་བྱེད་དགོས་པ་དང་། སློབ་མར་ལྟ་ཞིབ་མང་ཙམ་བྱ་དགོས། གསུམ་པ། སློབ་མའི་གནད་དོན་དང་དགོས་མཁོ་ཟིན་བྲིས་བཏབ་ནས་འཚོལ་ཞིབ་བྱེད་བཞིན་ཐག་གཅོད་མཐར་ཕྱིན་བྱས་མེད་པའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བྱ་དགོས།

    ༤  སློབ་མས་འཛིན་གྲྭའི་ལས་དོན་ནང་ཞུགས་ཚད་མཐོ་རུ་གཏོང་དགོས།

    སློབ་མ་རྣམས་འཛིན་གྲྭའི་ལས་དོན་ནང་ཞུགས་རྒྱུའི་ཧུར་སེམས་ཇི་ཙམ་ཆེ་ན་འཛིན་གྲྭའི་འཆམ་མཐུན་ཡང་ཆེ་བ་ཡོད་པས། འཛིན་གྲྭའི་ལས་དོན་ཁག་ནང་སློབ་མ་རྣམས་ཞུགས་པའི་ཧུར་སེམས་མཐོ་རུ་གཏོང་རྒྱུ་དེ་འགངས་ཆེ་བ་གསལ་བཤད་བྱས་ཡོད། དགེ་རྒན་གྱིས་རྒྱུན་དུ་སློབ་གྲོགས་བར་ཕན་ཚུན་རོགས་རམ་བྱེད་པར་ཁྲིད་སྟོན་དང་།  དོན་དག་ཆུང་ཆུང་ནས་འགོ་བརྩམས་ཏེ་སློབ་མའི་འགན་འཁྲིའི་འདུ་ཤེས་བཟང་བོ་གསོ་སྐྱོང་བྱས་ཏེ།  སློབ་མའི་དོ་དམ་ལག་ལེན་གྱི་ནུས་པ་སྦྱོང་བརྡར་བྱེད་དགོས།

    ༥ འཕེལ་རྒྱས་ཀྱི་མིག་རྒྱང་གིས་སློབ་མར་བལྟ་དགོས།

    དགེ་རྒན་བྱས་ནས་ཡུན་རིང་མ་སོང་ཡང་སློབ་མའི་མིག་སྔའི་གནས་སྟངས་ལ་ལྟོས་ཏེ་ཁོ་ཚོའི་མ་འོངས་པར་ཁ་ཚོན་གཅོད་པར་གོམས་ཡོད་ལ། སློབ་མ་ནི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་མི་ཡིན་པར་སྣང་ཆུང་ཤོར་གྱི་ཡོད། དགེ་རྒན་རྣམས་ཀྱིས་གནས་དོན་འདིར་ངོས་འཛིན་གང་ལེགས་བྱས་ན་ད་གཟོད་སློབ་མའི་མིག་སྔའི་མཚོན་ཚུལ་དང་གནས་སྐབས་ཀྱི་གྲུབ་འབྲས་མཐོང་ཐུབ་ཆེད།   ཡར་རྒྱས་གོང་འཕེལ་གྱི་ལྟ་སྟངས་འཛིན་དགོས།

    སློབ་འབྲིང་སློབ་མ་ནི་ལང་ཚོའི་དུས་སུ་གནས་ཡོད་པ་དང་།  ནང་སེམས་ཀྱི་ཚོར་བ་རྣོན་པོས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པས། འཛིན་བདག་གིས་དོ་དམ་བྱ་བའི་ཁྲོད་དུ་ངེས་པར་དུ་ངང་རྒྱུད་རིང་པོའི་སྒོ་ནས་སློབ་མ་དང་འདྲ་མཉམ་གྱི་དགེ་སློབ་འབྲེལ་བ་བཙུགས་ཏེ། སློབ་མར་ཐུན་མོང་གི་གཟི་བརྗིད་བསམ་པ་འཛུགས་པར་རོགས་རམ་བྱེད་དགོས་ལ། དྲ་རྒྱའི་སྟེགས་བུའི་གཞོགས་འདེགས་ལ་བརྟེན་ནས་དོ་དམ་ལས་དོན་སྤེལ་ཏེ་ཁྱིམ་བདག་དང་འབྲེལ་གཏུག་སྤེལ་རེས་བྱེད་པའི་ལམ་སྲོལ་ནུས་ལྡན་བཙུགས་ཏེ། ཐུན་མོང་ཐོག་འཛིན་གྲྭའི་དོ་དམ་ལས་དོན་ཡག་པོ་གཉེར་བའི་སྒོས།  སློབ་མ་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། སློབ་མར་གཅེས་སེམས། ངང་རྒྱུད་སྔར་བས་ལྷག་པའི་སྒོ་ནས་ཁོང་ཚོའི་སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བར་རྨང་གཞི་བརྟན་པོ་ཞིག་གདིང་ཐུབ་པར་བརྩོན་དགོས། 

     བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སློབ་འབྲིང་། བསོད་ནམས་ཆོས་འཕེལ


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།