རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་པ་སངས་སྒྲོལ་མ།
མིག་སྔར་སློབ་མ་དང་ཁྱིམ་བདག་མི་ཉུང་བ་ཞིག་གིས་དོ་སྣང་ཆེན་པོ་བྱེད་པའི་ལྗོངས་ཕྱིར་སློབ་གྲྭར་འགྲོ་བའི་སློབ་མ་བོད་ནས་ཐོན་པའི་གནད་དོན་ལ། སློབ་གསོ་ཐིང་གིས་གསལ་བཤད་རྒྱག་དགོས་པའི་གནས་ཚུལ་གང་དག་ཡོད་དམ། ཟླ་10ཚེས་11ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ང་བཞི་པར། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་པ་སངས་སྒྲོལ་མས་ལན་ཞིབ་ཕྲ་བརྒྱབ་འདུག
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཕྱིར་སློབ་གྲྭར་འགྲོ་བའི་སློབ་མའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་བཀོད་སྒྲིག་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་སྣེ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལས་གྲུབ་པའི་ལྗོངས་ཕྱིར་སློབ་གྲྭར་འགྲོ་བའི་སློབ་མ་བོད་ནས་སློབ་གྲྭར་ལོག་པའི་ལས་དོན་གྱི་ཆེད་དོན་ཚོགས་ཆུང་བཙུགས་ཏེ། ཞིང་ཆེན་དང་གྲོང་ཁྱེར་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དང་ཕྱོགས་ཁག་གི་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ནས། ལྗོངས་ཕྱིར་སློབ་གྲྭར་འགྲོ་བའི་སློམ་མའི་ཚོགས་སྤྱི་སློབ་གྲྭར་གོ་རིམ་ལྡན་པའི་སྒོ་ནས་ལོག་ཐུབ་པའི་འགན་ལེན་བྱས་ཡོད། མིག་སྔར། རང་སྐྱོང་ལྗོངས་ཀྱིས་བོད་ནས་ཐོན་མཁན་གྱི་གཅིག་གྱུར་ཚད་གཞི་ལྟར། སློབ་གསོ་ཐིང་གིས་སློབ་མ་ལྗོངས་ཕྱིར་སློར་གྲྭར་འགྲོ་བའི་བརྒྱུད་རིམ་རེའུ་མིག་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་ས་ཁུལ་ཁག་གི་སློབ་གསོ་སྡེ་ཚན་ལ་སྤྲད་ནས་ཁོངས་གཏོགས་ཁུལ་གྱི་སློབ་མར་ཡོངས་བསྒྲགས་བྱས་པ་དང་འབྲེལ། འཕྲོད་བསྟེན་སྡེ་ཚན་དང་མཉམ་དུ་ལྗོངས་ཕྱིར་སློབ་གྲྭར་འགྲོ་བའི་སློབ་མ་རང་ཉིད་ལ་རིམས་ནད་འགོག་སྲུང་དང་། མ་ཐོན་གོང་གི་གྲ་སྒྲིག་ཨང་བསར། ལམ་བར་གྱི་བདེ་འཇགས་འགོག་སྲུང་། དམིགས་སར་འབྱོར་རྗེས་ལོགས་དགར་སྡོད་པ། ལོགས་དགར་བྱ་ཡུལ་ནས་ཐད་ཀར་སློབ་གྲྭར་ལོག་པ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག གྲོང་ཁྱེར་དང་ས་ཁུལ་ཁག་གིས་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ནུས་ཤུགས་ཡོད་རྒུས་ཁོངས་གཏོགས་ཁུལ་གྱི་བོད་ནས་ཐོན་མཁན་དང་། ལྷག་པར་དུ་ལྗོངས་ཕྱིར་སློབ་གྲྭ་འགྲིམ་བཞིན་པའི་སློབ་ཆེན་སློབ་མ་དང་བོད་དུ་གཉེན་ཉེ་ཐུག་འཕྲད་བྱེད་པར་སླེབས་པའི་སློབ་མ་སོགས་ལྗོངས་ཕྱིར་སློར་གྲྭར་འགྲོ་མཁན་སློབ་མའི་ཚོགས་སྤྱིར་འབྲེལ་ཡོད་ཞབས་འདེགས་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།
མིག་སྔར། བོད་ནས་ཐོན་མཁན་སློབ་མ་ཚོའི་སྤ་སེ་ཉོ་ཁག་པའི་གནད་དོན་ལ་དམིགས་ནས། སློབ་གསོ་ཐིང་དང་གྲོང་ཁྱེར་དང་ས་གནས་ཁག་གིས་དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། དམིགས་བསལ་གྱི་གནས་ཚུལ་ཡོད་ལ་བོད་ནས་ཐོན་ཏེ་སློབ་གྲྭར་ལོག་པའི་ཆ་རྐྱེན་ཚང་ཡོད་པའི་སློབ་མར་སྤ་སེ་མངགས་པའི་ཞབས་ཞུའི་འགན་ལེན་ངེས་ཅན་ཞིག་མཁོ་འདོན་བྱེད་ཀྱི་ཡིན། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་འབྲེལ་ཡོད་མཁའ་འགྲུལ་ཀུང་སི་དང་སྤ་སེ་མངགས་པའི་ཞབས་ཞུའི་ལས་དོན་ཞིབ་ཕྲ་མཐུན་སྦྱོར་དང་འབྲེལ་གཏུག་བྱེད་ཀྱི་ཡོད། ལྕགས་ལམ་སྡེ་ཚན་གྱིས་ཀྱང་མིག་སྔར་ལྷ་ས་ནས་ཟི་ལིང་བར་གཏོང་བའི་མེ་འཁོར་གྱི་སྤ་སེ་ངེས་ཅན་ཞིག་སློབ་མར་ཉར་ཡོད་པས། སློབ་མའི་སྤ་སེ་ཉོ་ཁག་པའི་གནད་དོན་ཐག་གཅོད་ངེས་ཅན་ཐུབ་སྲིད།
བོད་ལྗོངས་འཛིན་གྲྭའི་སློབ་མ་བོད་ནས་སློབ་གྲྭར་ལོག་འགྲོ་བར། སྔར་བཞིན་སློབ་གསོ་ཐིང་གིས་གཅིག་གྱུར་སྒྲིག་འཛུགས་བྱས་ནས་གཅིག་སྡུད་མེ་འཁོར་དུ་བསྡད་དེ་སྐྱེལ་བའི་བྱ་ཐབས་ལག་ལེན་བསྟར་རྒྱུ་རེད། སློབ་གྲྭའི་མོས་མཐུན་ཐོབ་པ་དང་། བོད་ནས་ཁ་བྲལ་བའི་ཆ་རྐྱེན་ཚང་བའི་བར་འཇུག་སློབ་མ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ། དེ་བཞིན་དམིགས་བསལ་རྒྱུ་རྐྱེན་གྱིས་བོད་ནས་ཐོན་དགོས་པའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བཅས་ཀྱིས་རང་ཉིད་ཀྱིས་ཉོས་པའི་སྤ་སེར་གཞིགས་ནས། རང་སྡོད་སའི་སྡེ་ཁུལ་གྱི(གྲོང་ཚོ)ཆོག་མཆན་ཐོབ་རྗེས་བོད་ནས་ཁ་བྲལ་ཆོག
གཅིག་སྡུད་མེ་འཁོར་དུ་བསྡད་ནས་སྐྱེལ་བར་འཛིན་གྲྭ་གཉེར་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཁག་གི་མོས་མཐུན་འཐོབ་དགོས། དེར་བརྟེན། ཟླ་9ཚེས་22ཉིན་ཆེད་དོན་མེ་འཁོར་ཐོག་མ་དེ་བདེ་བླག་ངང་སྒྲིག་འཛུགས་བྱས་ནས། སློབ་མ་463(གཙོ་བོ་བར་འཇུག་འཛིན་གྲྭའི་སློབ་མ)བདེ་འཇགས་དང་། གོ་རིམ་ལྡན་པའི་སྒོ་ནས་ཀོང་ཏུང་དང་། ཧུའུ་པེ། ཧུའུ་ནན། ཧོ་ནན་བཅས་ཞིང་ཆེན་བཞིར་བསྐྱལ་ཟིན་ཡོད། མིག་སྔར། ང་ཚོས་མུ་མཐུད་འཛིན་གྲྭ་གཉེར་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་གྲོས་མོལ་བྱེད་བཞིན་ཡོད། ཕྱོགས་གཉིས་པོའི་རིམས་ནད་ཀྱི་གནས་ཚུལ་གཞིར་བཟུང་། བདེ་འཇགས་ཀྱི་དཔྱད་དཔོག་བྱས་རྗེས། སློབ་གསོ་ཐིང་གིས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བོད་ནས་ཐོན་པའི་ལས་དོན་གང་མགྱོགས་སྒྲིག་འཛུགས་བྱེད་ཀྱི་ཡོད།
ད་ཐེངས་རང་ལྗོངས་ཀྱི་རིམས་ནད་ཀྱིས་སློབ་མ་ལྗོངས་ཕྱིར་སློབ་གྲྭར་འགྲོ་བའི་ལས་དོན་ལ་སྔར་འབྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད་ཅིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ས་གནས་ཁག་དང་སྡེ་ཚན་ཁག་བཅས་ཚང་མས་འགྲོ་སྐྱོད་ཞབས་འདེགས་འགན་ལེན་བྱེད་གང་ཐུབ་བྱས་ཡོད། མིག་སྔར་རང་ལྗོངས་ཀྱི་ས་ཁོངས་ཧྲིལ་པོ་སྐབས་བསྟུན་གཙང་སེལ་བྱུང་མེད་པས། གཞི་ཁྱོན་ཆེན་པོས་བོད་ནས་ཐོན་པའི་ཆ་རྐྱེན་འཛོམས་མེད། སློབ་མ་ཚོས་སློབ་གྲྭའི་བླང་བྱ་ལྟར་ལུགས་དང་མཐུན་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་འགྲོ་འདུག་བྱེད་དགོས།