གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་སློབ་གསོའི་འཕེལ་རྒྱས་དང་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་བཅུའི་རིང་། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས“སུའི་ཆེད་དུ་གསོ་སྐྱོང་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། མི་གསོ་སྐྱོང་ཇི་ལྟར་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ཏེ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས། སྤུས་ཚད་ལེགས་སུ་གཏོང་བ་དང་། དྲང་གཞག་ལ་སྐུལ་འདེད་གཏོང་བ། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། སློབ་གསོར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ཏེ། སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱས་པས། བོད་ཀྱི་སློབ་གསོ་རྒྱལ་ཡོངས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3339ཡོད་ཅིང་། ལྗོངས་ཕྱི་ནང་དུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་བསྡོམས་འབོར་ཁྲི་92.2ཟིན་པ་དེས། ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་བཞི་ཆ་གཅིག་བཟུང་བ་དང་། སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་བརྟན་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་བཅས་སོ་སོར་87.71%དང་། 96.94% 90.25% 56.31%ཟིན་ནས་ལོ་བཅུའི་གོང་ལས་སོ་སོར་བརྒྱ་ཆའི་གྲངས་42.51དང་། 16.89 20.05 28.91མཐོ་རུ་ཕྱིན་པ། ངལ་རྩོལ་ན་ཚོད་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་10.2ཟིན་ཡོད། ལྷག་པར་དུ་རང་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོར་གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ་དང་སྡེ་ཁུལ་བཅས་རིམ་བཞིའི་བུ་བཅོལ་ཁང་གི་བཀོད་ཇུས་མ་ལག་བཙུགས་ནས། བུ་བཅོལ་ཁང་དུ་ཞུགས་ཚད་བརྒྱ་ཆའི་གྲངས་42.51མཐོ་རུ་ཕྱིན་པ་དང་བུ་བཅོལ་ཁང་གི་གྲངས་འབོར་ལྡབ་4.87འཕར་ཡོད། དེ་དང་ཆབས་ཅིག བོད་ལྗོངས་འཛིན་གྲྭའི་སློབ་གཉེར་གྲུབ་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ནས། ད་ཆ་ཞིང་ཆེན་དང་གྲོང་ཁྱེར་22ཀྱི་སློབ་གྲྭ་111ཏུ་བོད་ལྗོངས་འཛིན་གྲྭ་བཙུགས་པ་དང་། བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་37སོང་རིང་། རིམ་རྩིས་བྱས་ན་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ལ་ཆེད་ལས་ཀྱི་ཤེས་ལྡན་པ་ཁྲི་5ལྷག་ཙམ་གསོ་སྐྱོང་བྱས་ཡོད། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལམ་སྲོལ་ཡང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས། ཞིང་ཆེན་དང་། གྲོང་ཁྱེར། ཁོངས་གཏོགས་མཐོ་སློབ་བཅས་17གྱི་ཁོངས་གཏོགས་སློབ་གྲྭ་འབྲིང་ཆུང་གིས། རང་ལྗོངས་ཀྱི་སློབ་གྲྭ་21ལ་ཁ་གཏད་རོགས་སྐྱོར་བྱས་པས། རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་དོ་དམ་གྱི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད།
གཞན་ཡང་། རང་ལྗོངས་ཀྱིས་ད་དུང“རྒྱལ་ཁབ་ཀྱིས་གཙོ་བོ་དང་ཞིང་ཆེན་རིམ་པས་སྤྱི་འདོམས”བྱས་པའི་སློབ་གསོའི་གྲོན་དངུལ་སྤྲོད་པའི་འགན་སྲུང་ལམ་སྲོལ་བཙུགས་ནས། ལོ་15ཡི་རིང་གི་གཞུང་གྲོན་སློབ་གསོའི་མ་ལག་དང་སློབ་ཞུགས་གོང་ནས་མཐོ་རིམ་སློབ་གསོའི་བར་གྱི་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདུ་འགོད་དང་། “ཕྱོགས་ཡོངས་ནས་ཞན་ཆ་སེལ་བའི”འདུ་འགོད། ནུས་མེད་ཟབ་ཟོབ་ཀྱི་ལྷུ་ཚིགས་ལེགས་སུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་སོགས་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་ཤུགས་ཆེན་བསྟར་ཏེ། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཚང་མར་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་གཞི་རྩའི་དོ་སྙོམས་འཕེལ་རྒྱས་ཀྱི་ཚོད་སྐོར་ཁས་ལེན་ཐོབ་ནས། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བའི་འགག་སྒྲོལ་དུས་བཀག་ལྟར་ལེགས་གྲུབ་བྱུང་བ། བོད་ལྗོངས་སློབ་གྲྭ་ཆེན་མོ“རྩེ་གྲ་གཉིས”འཛུགས་སྐྱོང་གི་མཐོ་སློབ་དང་པུའུ་དང་རང་སྐྱོང་ལྗོངས་ཀྱིས་མཉམ་དུ་བསྐྲུན་པའི་མཐོ་སློབ་ཏུ་གྱུར་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གཉིས་སྔ་རྗེས་སུ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་ཚན་པར་གྱུར་ནས།མཐོ་སློབ་ཀྱི་ཚན་ཞིབ་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།