གུང་གཞོན་སྡེ་ཚོགས་སྨན་གླིང་རྫོང་ཨུད་ཀྱིས་སྨན་གླིང་རྫོང་གི་སློབ་གྲྭ་འབྲིང་ཆུང་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ནས“རྒྱལ་དར་སེམས་ནང་ཡོད”དང“ང་དང་རྒྱལ་དར་མཉམ་དུ་པར་ཞིག་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། སློབ་གྲྭ་ཁག་གི་ལོ་ཆུང་གདོང་ལེན་རུ་མི་ཧུར་ཐག་ཞུགས་ཏེ་རང་སོ་སོའི་བྱ་ཐབས་ཐོག་ནས་མེས་རྒྱལ་ལ་རྟེན་འབྲེལ་ཞུ་བ་དང་མེས་རྒྱལ་ལ་བཅངས་པའི་རང་ཉིད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།
བྱེད་སྒོ་སྤེལ་རིང་། སློབ་གྲྭ་ཁག་གི་དགེ་རྒན་ཚོས་ལོ་ཆུང་གདོང་ལེན་རུ་མིར་སྐར་ལྔའི་དར་དམར་གྱི་གྲུབ་ཚུལ་དང་དོན་སྙིང་། རྒྱལ་སྟོན་དུས་ཆེན་གྱི་འབྱུང་ཁུངས་བཅས་ངོ་སྤྲོད་བྱས་པ་དང་། སློབ་མ་ཚོས་ནན་ཏན་ངང་ཉན་པ་དང་ཟིན་བྲིས་ཡག་པོ་བརྒྱབ་ནས་གསར་བརྗེའི་རིག་གནས་ངོས་འཛིན་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། དགེ་རྒན་གྱི་སྣེ་ཁྲིད་འོག ལོ་ཆུང་གདོང་ལེན་རུ་མི་ཚོས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས་ཤིང་། ཁོང་ཚོའི་ཁྲོད་ཀྱི་ལ་ལས་རུ་ཁག་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་པ་དང་རྒྱལ་དར་ལ་གུས་འདུད་ཞུས་པ་དང་། ལ་ལས་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་དང་ཐིག་རིས་ཐོག་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གྱི་རི་མོ་རེ་རེ་བཞིན་བཀོད་པ་མ་ཟད། མེས་རྒྱལ་ལ་བཅངས་པའི་སྨོན་འདུན་བཟང་པོ་ཡང་བཀོད་ནས་ཁོང་ཚོའི་བརྩེ་སེམས་ལྡན་པའི་སྐད་ཆ་རེ་རེ་ལས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་སྨན་གླིང་རྫོང་གི་ལོ་ཆུང་གདོང་ལེན་རུ་མིས་རྒྱལ་དར་དང་གསར་བརྗེའི་རིག་གནས་ལ་ངོས་འཛིན་གཏིང་ཟབ་ཏུ་སོང་བ་དང་། ཁོང་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཤུགས་ཆེར་འཕེལ་བ། དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་མི་ཚོའི་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་པ་བཅས་བྱུང་བ་རེད།