དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་ཉིད་ལ་ནད་དུག་ཇི་ལྟར་འགོས་པ་ཡིན་ནམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-15

    QQ截图20220915113730.png

    གཅིག རང་ཉིད་ལ་ནད་དུག་ཇི་ལྟར་འགོས་པ་ཡིན་ནམ། 

    རང་ཉིད་ནད་རྟགས་མེད་པའི་ནད་པའམ་ཡང་ན་གཏན་འཁེལ་ནད་དཔེར་གཏན་འཁེལ་བྱེད་སྐབས། ཚང་མའི་ངོས་ནས་བརྗོད་ན། ཕོག་ཐུག་དྲག་པོ་ཕོག་པ་དང་ཁྱད་མེད། དེའི་ཚེ་ཁྱེད་ལ་ཕལ་ཆེར་ནད་ཡམས་འདི་ང་ལ་ཇི་ལྟར་འགོས་པ་ཡིན་ནམ། ང་ལ་འགོ་དོན་ཅི་ཡིན་ནམ་སྙམ་ནས་བསམ་བློ་ཡང་སེ་འཁོར་སྲིད།  

    ནད་པ་ལ་ལར་ཕོག་ཐུག་ཆེན་པོ་ཕོག་པ་དང་། ལ་ལས་བདེན་པ་མ་རེད་སྙམ་ཞིང་། རྨི་ལམ་ལྟ་བུའི་སྣང་བ་བྱུང་ནས། ག་བྱེད་འདི་བྱེད་མེད་པར། འདི་དངོས་གནས་མིན་པའི་རེ་བ་བྱེད། ཡང་ནད་པ་ལ་ལ་ཧོན་ཐོར་རེར། གོར་མེད་ཚོར་མེད་ཀྱི་གནས་སུ་གྱར་གྱི་ཡོད། དེའི་ཚེ་ང་ཚོས་སྔོན་ལ་རང་ཉིད་བློ་བདེ་བག་ཕེབས་ཡོང་བ་དང་། དྲོ་སྐྱིད་ལྡན་པ། རྟེན་ས་ཡོད་པའི་གནས་ཤིག་བཙལ་ནས། བདེ་བར་བཞུགས་ཤིང་། དབུགས་རིང་བརྔུབས་ནས་སེམས་ལྷོད་ལ་བབས་རྗེས། རང་ཉིད་ཀྱི་གཉེན་ཉེར་ཁ་པར་བརྒྱབ་སྟེ། ཁོ་ཚོར་ཁྱོད་ཀྱི་གནས་ཚུལ་བཤད་ཅིང་། རང་ཉིད་ལ་ཁོ་ཚོའི་རྒྱབ་སྐྱོར་དགོས་ལུགས་ཤོད་དགོས། སེམས་ཁམས་ཅུང་ཟད་རྒྱུན་གཏན་དུ་གྱུར་རྗེས། སྨན་དོན་པའི་བརྟག་དཔྱད་དང་། ལོགས་དགར་འཇོག་པ། སྨན་བཅོས་སོགས་ཀྱི་བཀོད་སྒྲིག་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས།

    གཉིས། ནད་དུག་འགོས་པ་གཏན་འཁེལ་བྱུང་རྗེས། ཕལ་ཆེར་ཁོང་ཁྲོ་ནི་ཁོང་ཁྲོ་ལངས། འགྱོད་པ་ནི་འགྱོད་པ་སྐྱེས། སོ་སོར་འཁང་ར་ནི་འཁང་ར་བྱེད་པ་སོགས་ཀྱི་སེམས་སྐྱེས་ན་ཇི་ལྟར་བྱེད་དགོས་སམ་ཞེ་ན།

    སེམས་བྱུང་འདི་དག་ཚང་མ་ནད་དུག་འགོས་པ་གཏན་འཁེལ་བྱུང་རྗེས་ཕལ་ཆེར་སྐྱེ་སྲིད་པ་མ་ཟད། ནད་པ་ལ་ལར་ད་དུང་ཁོང་ཁྲོ་ལང་སྲིད། ངས་གཟབ་གཟབ་མ་བྱས་པར་ཇི་ལྟར་འགོས་པ་ཡིན་ནམ་ཞེས་སོ་སོར་འཁར་ར་བྱེད་པ་ཕུད། ད་དུང་ཐ་ན་ནད་དུག་ནང་མིར་འགོས་པར་སོ་སོར་འཁོན་འཛིན་ཡང་བྱ་སྲིད། ང་ཚོར་སེམས་བྱུང་འདི་དག་སྐྱེ་བའི་སྐབས། གཤམ་གསལ་སེམས་པ་གསོ་སྟངས་སྤྱད་ཆོག་པ་སྟེ།

    1.སེམས་པ་སྣོན་པ། གནོད་འགྱོད་དང་འཁང་ར་བྱེད་པ་ཚང་མ་ཁོང་ཁྲོའི་སེམས་བྱུང་ཞིག་རེད། དེས་རང་གཞན་གཉིས་ཀར་གནོད་ཀྱི་ཡོད། ང་ཚོར་ཁོང་ཁྲོ་སྐྱེ་སྐབས་དུས་ཐོག་ཏུ་སེམས་སྣོན་དགོས།

    2.སྡུག་རུས་བྱེད་པ། སེམས་པ་མནན་རྗེས། ང་ཚོས་སེམས་བྱུང་འདི་དག་ལ་སྡུག་རུས་གང་ཐུབ་བྱེད་དགོས། དང་ཐོག་སེམས་བྱུང་འདི་དག་རྒྱུན་གཏན་ཞིག་ཡིན་པ་མ་ཟད། ནད་དུག་འགོས་པ་གཏན་འཁེལ་བྱུང་རྗེས་ཀྱི་ནད་པ་ཚང་མར་ངེས་པར་སྐྱེ་སྲིད་པའི་སེམས་བྱུང་ཞིག་རེད། ཉེས་ཅན་གཏེ་པོ་ནད་དུག་ཡིན་ཅིང་། ང་ཚོ་ཡང་གནོད་འཚེ་ཕོག་མཁན་རེད། གཉིས་པ་ཅི་སྟེ་སེམས་བྱུང་ངན་པ་ཡིན་གྱུར་ཀྱང་། ཕན་པ་མེད་པ་མ་ཡིན་ཏེ། སེམས་བྱུང་འདི་དག་གིས་ང་ཚོར་འགོག་སྲུང་ནན་པོ་དང་རང་ཉིད་ལོགས་དགར་ཡག་པོ་སྡོད་དགོས་པ་སོགས་ལ་སྐུལ་འདེད་གཏོང་གི་ཡོད།

    3.གནོད་མེད་ཕྱིར་འདོན། ཁོང་ཁྲོ་དང་འགྱོད་པ་ལ་སོགས་པའི་སེམས་བྱུང་འདི་དག་དང་དུ་བླངས་པ་ཙམ་གྱིས་མི་འགྲིག་སྟེ། ད་དུང་ང་ཚོས་སེམས་བྱུང་འདི་དག་གནོད་དང་འཚེ་བ་མེད་པའི་སྒོ་ནས་ཕྱིར་འདོན་དགོས། ངུ་བ་དང་གྲོགས་པོར་བརྙན་ལམ་ནས་གླེང་མོལ་བྱེད་པ་སོགས་གནོད་འཚེ་མེད་པའི་བྱེད་སྟངས་གང་རུང་སྤྱད་ཆོག འདི་ནི་ང་ཚོ་ཉམ་ཆུང་ཡིན་པའི་རྐྱེན་གྱིས་འདི་ལྟར་བྱས་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ། སེམས་ནད་འདི་དག་སེམས་ལ་ཉར་དྲགས་ན། སེམས་གཅོང་བཟོས་ནས། ལུས་པོའི་རིམས་འགོག་ལ་གནོད་པ་མ་ཟད། ཐ་ན་སྨན་བཅོས་ཀྱི་ཕན་འབྲས་ལའང་གནོད་ཀྱི་ཡོད།

    4.ཚད་ཡོད་པའི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་དགོས། སེམས་བྱུང་འདི་དག་སེམས་ལ་ཉར་དྲགས་ན། ནམ་ཞིག་སེམས་བྱུང་ཐམས་ཅད་མེ་རི་ཇི་བཞིན་གློ་བུར་དྲག་ཏུ་འབར་སྲིད་པས། ང་ཚོས་སེམས་བྱུང་འདི་དག་ཚད་ཡོད་པའི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་དགོས་པ་དང་། བཟོད་ཐུབ་པའི་ཁྱབ་ཁོངས་ནང་གི་སེམས་བྱུང་ཚང་མར་སྡུག་རུས་བྱ་ཆོག་པ་དང་། ཚད་ལས་བརྒལ་བ་རྣམས་དུས་ཐོག་ཏུ་ཕྱིར་འདོན་དགོས།

    5.འགྱུར་ལྡོག་དང་ད་ལྟའི་དུས་སུ་འཚོ་སྡོད་ཡག་པོ་བྱེད་དགོས། མཇུག་ཏུ་ང་ཚོས་གནོང་འགྱོད་དང་། འཁང་ར། ཁོང་ཁྲོ་སོགས་ཀྱི་སེམས་བྱུང་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། མིག་སྔར་དོ་ཁུར་དང་། མིག་སྔར་འཚོ་བ་བསྐྱལ་ནས། སྨན་བཅོས་ལ་སྔར་བས་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ། རང་འགུལ་ངང་བྱ་བ་འགའ་ཞིག་བསྒྲུབས་ནས། རང་ལུས་ཀྱི་རིམས་འགོག་ནུས་པ་ལེགས་སུ་གཏོང་དགོས།

    གསུམ། རིམས་ནད་འགོས་པ་གཏན་འཁེལ་བའི་རྗེས་སུ། ང་ཚོས་ད་དུང་རང་འགུལ་ངང་ལས་ཀ་གང་དག་བྱེད་དགོས་སམ།

    རིམས་ནད་དང་གཅོང་ནད་ཀྱི་མདུན་དུ། རང་འགུལ་ངང་བྱ་བ་འགའ་ཞིག་སྒྲུབ་པ་དང་། རང་སྟོབས་ཀྱི་ནུས་པ་བཏོན་ན། ང་ཚོར་སྟངས་འཛིན་ཐུབ་པའི་ཚོར་བ་དང་། སྟོབས་ཤུགས་དང་དཔའ་བློ་ཁོག་སྦྱིན་སྲིད་པ་མ་ཟད། དངོས་གནས་ང་ཚོས་སྒྲུབ་ཐུབ་པའི་བྱ་བ་ཧ་ཅང་མང་པོ་ཡོད།

    1.དྲང་ཕྱོགས་ཀྱི་ཆ་འཕྲིན་ལ་དོ་ཁུར་བྱེད་དགོས། མིག་སྔར་དྲང་ཕྱོགས་དང་དགེ་མཚན་ལྡན་པའི་ཆ་འཕྲིན་མང་པོ་ཡོད་པ་དཔེར་ན། ནད་པས་བསྐུར་བའི་ནད་དུག་ལས་རྣམ་པར་རྒྱལ་བའི་གཏམ་རྒྱུད་དང་། སྨན་པས་བསྐུར་བའི་སྨན་བཅོས་ལམ་ལྷོངས་བྱུང་བའི་ཉམས་མྱོང་སོགས་ལ་ང་ཚོས་དོ་ཁུར་མང་ཙམ་བྱ་ཆོག་པ་མ་ཟད། རིམས་ནད་ལས་རྣམ་པར་རྒྱལ་བའི་ང་ཚོའི་གདེང་ཚོད་ཆེ་རུ་འགྲོ་ཐུབ། 

    2.མིག་སྔར་འཚོ་ཞིང་། མིག་སྔར་དོ་ཁུར་བྱེད། ཕན་ཚུན་མི་འགོ་བ་གཞིར་བྱས། ནད་རོགས་ཕན་ཚུན་རོགས་རམ་དང་། ཆ་རྐྱེན་ཡོད་རིགས་ནང་མིར་བརྙན་ལམ་གཏང་ཆོག་ལ། སྨན་དོན་པ་དང་ཕན་ཚུན་རོགས་རམ་དང་སྐུལ་མ་གཏོང་བའམ། ཡང་ན་ནད་ཁང་དུ་དཔེ་དེབ་ལྟ་བ་སོགས་བྱས་ཚེ། མིག་སྔར་ཧ་ཅང་ཡག་པོ་འཚོ་ཐུབ་པ་རེད།

    3.ནད་འགོག་ནུས་པ་རྒྱུན་འཁྱོངས་བྱེད་དགོས། ནད་དུག་ལ་རྒོལ་བར། སྨན་རྫས་ཕུད་ད་དུང་ང་ཚོ་རང་ངོས་ཀྱི་ནད་འགོག་ནུས་པར་རྟེན་དགོས། དེར་བརྟེན་སེམས་ཀྱི་འཁྱེར་སོ་ཡག་ཤོས་དང་སེམས་ཁམས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་ནི། འགག་རྩའི་ནང་གི་འགག་རྩ་རེད། དྲ་བར་སྒྲ་ལམ་དང་བརྙན་ལམ་མང་པོ་ཞིག་གིས་ང་ཚོའི་སེམས་པ་ལྷོད་ལ་འབེབས་པར་ཁྲིད་སྟོན་དང་རོགས་རམ་བྱེད་ཅིང་། དེ་དག་གིས་སེམས་སྡུག་དང་འཇིགས་སྣང་ཆུང་དུ་གཏོང་ཐུབ། 

    4.ཉེ་འཁོར་ཐོན་ཁུངས་ཀྱི་ངར་སློང་བ། ང་ཚོ་དཔའ་བོ་ཁེར་འཛིང་བྱེད་པ་མིན་པས། ཉེ་འཁོར་ཐོན་ཁུངས་ཀྱི་ངར་སློང་ཤེས་པ་དགོས། ང་ཚོར་ནང་དང་གྲོགས་པོ་ཡོད་ལ། སྤྱི་ཚོགས་ཡོངས་ཀྱི་རོགས་སྐྱོར་དང་། རྒྱལ་ཁབ་ཀྱི་འགན་སྲུང་ཡོད་པས། དུ་བ་མེད་པའི་དམག་འཐབ་འདི་ལས་རྣམ་པར་རྒྱལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

    ཡོང་ཁུངས། བོད་ལྗོངས་ནད་ཡམས་ཚོད་འཛིན་ལྟེ་གནས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།