རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་རིམས་འགོག་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། 《ལྗོངས་ཡོངས་ཀྱི་རྗེས་གྲབས་གནས་གཏན་འཁེལ་གྱི་སྨན་ཁང་དང་སྒྲོམ་ཚང་སྨན་ཁང་འཕྲལ་སྡོམ་བེད་སྤྱོད་ལས་དོན་ཇུས་གཞིའི》ཁྲོད་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་གཞིར་བཟུང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཨར་ལས་བྱས་ཏེ་ལྗོངས་ཡོངས་ཀྱི་རྗེས་གྲབས་སྒྲོམ་ཚང་སྨན་ཁང་སྒྱུར་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཐུབ་ཡོད།
ཟླ་9ཚེས་6ཉིན། རང་ལྗོངས་སུ་རྗེས་གྲབས་སྒྲོམ་ཚང་སྨན་ཁང་25བསྐྲུན་ཟིན་པ་དང་ནད་ཁྲི་ཁྲི་3.097བཀོད་སྒྲིག་བྱས་པ་རེད། མིག་སྔར་བསྐྲུན་ཟིན་པའི་སྒྲོམ་ཚང་སྨན་ཁང་ཁྲོད་ལྷ་ས་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་9དང་ནད་ཁྲི་17547ཡོད་པ་དང་།གཞིས་རྩེ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་6དང་ནད་ཁྲི་9594ཡོད་པ། ལྷོ་ཁ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་2དང་ནད་ཁྲི་699ཡོད་པ། ཉིང་ཁྲི་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་1དང་ནད་ཁྲི་233ཡོད་པ། ཆབ་མདོ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་1དང་ནད་ཁྲི་600ཡོད་པ། ནག་ཆུ་གྲོང་ཁྱེར་དུ་སྒྲོམ་ཚང་སྨན་ཁང་1དང་ནད་ཁྲི་238ཡོད་པ། མངའ་རིས་ས་ཁུལ་དུ་སྒྲོམ་ཚང་སྨན་ཁང་5དང་ནད་ཁྲི་2069ཡོད་པ་རེད།
རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། མིག་སྔར་རང་ལྗོངས་ཀྱིས་སྒྲོམ་ཚང་སྨན་ཁང་6སྐྲུན་བཞིན་ཡོད་པ་དང་ནད་ཁྲི་6515བཀོད་སྒྲིག་བྱས་ཡོད། ད་དུང་སྒྲོམ་ཚང་སྨན་ཁང་4བསྐྲུན་རྒྱུའི་འཆར་གཞི་ཡོད། འཛུགས་སྐྲུན་དུས་ཚོད་དང་ནད་ཁྲི་བཀོད་སྒྲིག་དེ་ས་གནས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་དགོས་མཁོ་གཞིར་བཟུང་གཏན་འཁེལ་བྱ་རྒྱུ་རེད།
རྗེས་གྲབས་སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་དུས་ཐོག་ཏུ་རྗེས་གྲབས་གནས་གཏན་འཁེལ་གྱི་སྨན་ཁང་དང་སྒྲོམ་ཚང་སྨན་ཁང་སྒྱུར་བཀོད་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ཏེ་ཆེད་དོན་ཇུས་གཞི་བཟོས་ནས་བཀྲམ་པ་དང་། ལག་རྩལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་བྱེད་རིང་འཕྲད་པའི་གཙོ་གནད་དང་དཀའ་གནད་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བའི་དཀའ་ངལ་ཁྱད་བསད་བྱས་པ་དང་། སྒྲོམ་ཚང་སྨན་ཁང་ཨར་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ས་ཁོངས་དོ་དམ་དང་ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་ལས་གྲྭའི་སྤུས་ཚད་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུ་ཆའི་འགག་སྒོ་དང་། འཕེལ་རིམ་གྱི་འགག་སྒོ། སྤུས་ཚད་ཀྱི་འགག་སྒོ། བདེ་འཇགས་ཀྱི་འགག་སྒོ། རྩིས་ལེན་གྱི་འགག་སྒོ་བཅས་ནན་པོ་བསྲུངས་ཏེ་རང་ལྗོངས་ཀྱི་སྒྲོམ་ཚང་སྨན་ཁང་ཇུས་འགོད་དང་། སྤུས་ཚད། བདེ་འཇགས་བཅས་ཀྱི་ཚད་གཞི་ལོན་པའི་འགན་ལེན་བྱས་ཡོད་པ་རེད།