ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ནས་དྲོ་སྐྱིད་དང་བརྩེས་བས་ཁེངས་པའི་རིམས་འགོག་གི་གཏམ་རྒྱུད་མང་པོ་གྲགས་འོང་ལ། དེ་དག་ལས་མི་རྣམས་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་སྤོབས་སེམས་ཆེས་ཆེར་འཕེལ་ཡོད།
རིམས་ནད་ལ་འགོག་རྒོལ་གྱི་འཐབ་ས་དང་པོར་འགན་འཁྲི་ལེགས་པར་འཁུར་བ།
ཟླ་8ཚེས་15ཉིན་གྱི་ཆུ་ཚོད་1དང་སྐར་མ་25ཙམ་ལ། ཚལ་གུང་ཐང་ཁྲོམ་གཞུང་དྲིན་ཚོར་གླིང་སྡེ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ལས་ལ་བྲེལ་བའི་ཁྲེང་ཀོན་ཆུས་སྨན་བཅོས་འགན་སྲུང་ཅུས་ཀྱི་ལས་དོན་པ་བསྟན་འཛིན་ལ་མཁྲིས་པའི་འབྲས་སྐྲན་ཕོག་པའི་ནད་པ་ཞིག་གིས་རང་ཉིད་ལ་སྨན་ཧ་ཅང་དགོས་མཁོ་ཆེ་བས་རོགས་རམ་བྱེད་རོགས་ཞེས་པའི་ཆ་འཕྲིན་ཞིག་འབྱོར་པ་རེད། བསྟན་འཛིན་གྱིས་འཕྲལ་མར་རླངས་འཁོར་ཡོད་མཁན་དང་བླངས་པར་འབྲེལ་བ་བྱས་ཤིང་། ལམ་སེང་སྨན་ཁང་དུ་ཕྱིན་ཏེ་སྨན་པས་མཛོད་ཁང་ནས་སྨན་ལེན་རྒྱུར་བསྒུགས་པ་དང་། དགོང་མོ་དེ་རང་ལ་སྨན་གཞིས་རྩེ་གྲོང་ཁྱེར་དུ་བསྐྱལ།
“ཚང་མས་དཀའ་ལས་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་ཨ་མར་གཟེར་འཇགས་སྨན་སྒམ་ཆུང་གཅིག་ལས་ལྷག་མི་འདུག སྨན་དུས་ཐོག་ཏུ་བསྐྱལ་བས་ངའི་ཨ་མའི་སྲོག་བསྐྱབས་སོང་། ཚང་མས་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་སེམས་གཏིང་ནས་གུས་འདུད་ཀྱང་ཞུ་རྒྱུ་ཡིན”ཞེས་པའི་རོགས་སྐྱོར་ཐོབ་མཁན་གྱི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་མཐོང་སྐབས་བསྟན་འཛིན་གྱི་ངོ་གདོང་ལས་དགའ་བའི་འཛུམ་མདངས་ཤིག་འཕྱུར།
ཟླ་8ཚེས་8ཉིན་གྱི་ཞོགས་པའི་ཆུ་ཚོད་7པ་ནས་བཟུང་། བསྟན་འཛིན་གྱིས་སྡེ་ཁུལ་དུ་ལས་གནས་བརྟན་སྲུང་བྱས་ནས་བསྡད་པ་དང་། ཟླ་8ཚེས་11ཉིན་ཁོང་དྲིན་ཚོར་གླིང་སྡེ་ཁུལ་གྲོང་ལྷན་གྱི་ཚོགས་ཁང་དུ་སྤོས་ཏེ། ས་གནས་ས་ཐོག་ཏུ་སྒྲིག་ལམ་སྲུང་བ་དང་སྨན་དོན་པར་གཞོགས་འདེགས་བྱེད་པ། རྒན་འཁོགས་ལ་བོད་ལྗོངས་བདེ་བགྲོད་ཁ་འབྱེད་རོགས་དང་ཁྱིམ་ཚང་གི་ཁོངས་མིའི་ཆ་འཕྲིན་འབྲི་རོགས་སོགས་བྱས་ནས་དལ་པོར་སྡོད་ཁོམ་ཡུད་ཙམ་ཡང་བྱུང་མེད།
ཟོག་འགྲེམས་འགན་ལེན་ནུས་ལྡན་བྱས་པ།
ཟླ་8ཚེས་15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་32ཙམ་ལ་བོད་ལྗོངས་ཡུག་ཁུལ་གྱི་ཅིང་ཏུང་ཚོང་གཉེར་རྒྱབ་སྐྱོར་དོ་དམ་བ་ཝེ་ཏེ་ཁྲའོ་ཡིས་ལྷོ་ཁ་གྲོང་ཁྱེར་གྱི་བྱིས་པ་ཞིག་ལ་འོ་རྩམ་དགོས་མཁོ་ཆེན་པོ་ཡོད་པའི་ཆ་འཕྲིན་ཞིག་མཐོང་རྗེས། ཅིང་ཏུང་ཚོང་གཉེར་བྱེད་ཡུལ་གྱི་དེ་གའི་མཛོད་ཁང་ལ་ལམ་སེང་འབྲེལ་བ་བྱས་ནས་ཚོང་རྟགས་གཅིག་པའི་འོ་རྩམ་ཡོད་མེད་བཙལ་བ་མ་ཟད། ལྷ་ས་གྲོང་ཁུལ་གྱི་མྱུར་སྐྱེལ་བ་མང་པོར་འོ་རྩམ་འཚོལ་རྒྱུའི་འབྲེལ་བ་ཡང་བྱས།
ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་20ཙམ་ལ་ཝེ་ཏེ་ཁྲའོ་དང་མྱུར་སྐྱེལ་བ་ཝང་ཤུན་ཁྲའོ་འཕྲལ་མར་ལྷོ་ཁར་ཕྱིན་ཏེ་དགོང་མོའི་ཆུ་ཚོད་9དང་སྐར་མ་31ཙམ་ལ་འོ་རྩམ་བསྐྱལ་ཐུབ་ཡོད།
“རིམས་ནད་ལ་བརྩེ་སེམས་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ལྡན། ལྷ་སར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་མཁན་ཡིན་པའི་ང་ཚོས་གྲོང་མིའི་འཚོ་བའི་དངོས་ཟོག་སྐྱེལ་གང་ཐུབ་བྱ་རྒྱུ་ཡིན”ཞེས་ཉིན་5བསྟུད་མར་རླངས་འཁོར་ནང་ཉལ་བའི་ཝེ་ཏེ་ཁྲའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཅུང་ངལ་དུབ་ངང་བཤད།
སེམས་བཟང་ཅན་གྱིས་ལེགས་སྐྱེས་ཕུལ་བ།
རིམས་ནད་འགོག་རྒོལ་གྱི་གསར་འགྱུར་རེ་རེ་དང་མི་སེམས་འགུལ་བའི་བྱ་བ་རེ་རེ་མཐོང་བ་ན། གྲོང་མི་དབང་མོར་ཡང་དངོས་ཟོག་ཞལ་འདེབས་རྒྱག་རྒྱུའི་བསམ་ཚུལ་འཁོར་ལ། གྲོས་འགོ་དེ་བཏོན་རྗེས་མི་རིང་བར་ཉེ་འཁོར་གྱི་གྲོགས་པོ་དང་སེམས་བཟང་ཅན་མང་པོས་ཞལ་འདེབས་བརྒྱབ་ཡོད། ཉིན་གཉིས་རིང་། སྨན་སྤྱོད་ཁ་རས་2000དང་། N95ཁ་རས་500 འགོག་སྲུང་གྱོན་ཆས་50 མིག་སྲུང་མིག་ཤེལ་50 གདོང་ཁེབས་50 ལྷམ་ཤུབས་20 ལག་ཤུབས་20 ལག་པའི་དུག་སེལ་གཤེར་ཁུ་ཤེལ་དམ་20བཅས་འབྱོར་བ་ཚང་མ་རིམས་ནད་ལ་འགོག་རྒོལ་གྱི་འཐབ་ས་དང་པོར་ཞལ་འདེབས་ཕུལ་ཡོད།
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་གི་མཱ་ཧྥུའུ་ཡོན་གྱིས་དང་བླངས་པར་ལྟོ་ཆས་རག་གི་ཡོད་མིན་ལ་རྟག་ཏུ་སེམས་ཁྲལ་བྱེད་ཀྱི་ཡོད། མཱ་ཧྥུའུ་ཡོན་དང་ལྷ་སར་ཚོང་གཉེར་བྱེད་མཁན་ཕ་ཡུལ་གཅིག་པ་6གིས་མཉམ་དུ་མ་དངུལ་གྲབས་གསོག་བྱས་ནས་འབྲས་དང་། གྲོ་ཞིབ། བཟའ་སྣུམ། སྔོ་ཚལ་སོགས་ཉོས་ཤིང་། རིམས་འགོག་གི་བླང་བྱར་ནན་པོ་གཞིགས་ཏེ་ཉིན་ལྟར་ཐབ་ཚང་ལ་གཙང་སྦྲ་དུག་སེལ་དང་། འབྲས་ཚལ་བཟོ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ཏེ། མི་2ཀྱིས་ཚལ་རྔོ་བ་དང་། མི་2ཀྱིས་འབྲས་བླུག་པ། མི་2ཀྱིས་ཚལ་བླུག་པ། མི་1གིས་སྐྱེལ་བའི་བཀོད་སྒྲིག་བྱས་པ་དང་། ཉིན་དང་པོར་ཅའོ་ཙེ་སྐྱེལ་བ་དང་གཉིས་པར་སྲན་དམར་ཚགས་ཤའི་འབྲས་ཚལ་སོགས་བསྐྱལ་ཡོད།