ཚེས་22ཉིན་གྱི་ཕྱི་དྲོར་གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་ཉིང་ཁྲི་གྲོང་ཁྱེར་དུ་སྤྱོད་འགོ་ཚུགས་པ་དང་སྐྲུན་བཞིན་པའི་སྒྲོམ་ཚང་སྨན་ཁང་3ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་19ཉིན་གྱི་དགོང་མོར་ཉིང་ཁྲི་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་དང་པོ་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་ནད་ཁྲི་62བཀོད་སྒྲིག་བྱས་ཡོད། ཟླ་8ཚེས་20ཉིན་ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲིར་རོགས་སྐྱོར་བྱེད་པའི་རིམས་འགོག་སྨན་བཅོས་རུ་ཁག་གིས་སྒྲོམ་ཚང་སྨན་ཁང་དེར་ཡོངས་སུ་རྩིས་ལེན་བཅའ་སྡོད་བྱས་པ་དང་། སྨན་པ་7དང་། ནད་གཡོག་14 སྨན་ཁང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་མཁན་མི་4བཅས་བཀོད་སྒྲིག་བྱས་ཡོད། ཟླ་8ཚེས་21ཉིན་གྱི་ཆུ་ཚོད་24བར་རིམ་རྩིས་བྱས་ན་རྟགས་མེད་ནད་དུག་འགོས་པ་59བསྡུས་ནས་སྨན་བཅོས་བྱས་པའི་ནང་ནད་པ་5བྲག་ཡིབ་ཆུས་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། སྒྲོམ་ཚང་སྨན་ཁང་གཉིས་པ་ཟླ་8ཚེས་21ཉིན་གྱི་དགོང་མོར་སྒྱུར་བཀོད་བྱས་པ་དང་ནད་ཁྲི་223བཀོད་སྒྲིག་བྱས་ཤིང་། མིག་སྔར་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་སྤེལ་བཞིན་ཡོད། དུས་ཐེངས་དང་པོའི་ལས་དོན་ཚེས་22ཉིན་སྤེལ་རྩིས་ཡོད་པ་མ་ཟད། ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲི་གྲོང་ཁྱེར་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་སྨན་བཅོས་རུ་ཁག་གིས་ཡོངས་སུ་རྩིས་ལེན་བཅའ་སྡོད་བྱ་རྒྱུ་ཡིན་ལ། དུས་ཐེངས་དང་པོར་སྨན་པ་7དང་། སྨན་གཡོག་28 སྨན་ཁང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་མཁན་2བཅས་བཀོད་སྒྲིག་བྱ་རྒྱུ་རེད། སྒྲོམ་ཚང་སྨན་ཁང་གསུམ་པ་སྐྲུན་བཞིན་ཡོད་པ་དང་སྨན་ཁང་དེ་ཉིང་ཁྲི་གྲོང་ཁྱེར་གཡུ་ཐོག་སྤྱི་གླིང་དུ་ཡོད་པ་དང་ནད་ཁྲི་400བཀོད་སྒྲིག་བྱ་རྩིས་ཡོད་ཅིང་། མིག་སྔར་སྨན་ཁང་གི་ས་ངོས་བསྙམས་ཟིན་པ་དང་ས་འོག་མདོང་ལམ་འདིང་བ་སོགས་ཀྱི་ལས་དོན་མགྱོགས་མྱུར་སྤེལ་བཞིན་ཡོད་པ་རེད།