ཟླ་8ཚེས་20ཉིན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱེད་བཞིན་ཡོད་པའི་རང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཐོག་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནད་གཞི་ལྕི་བའི་ནད་པ་དེ་ནི་ད་ལོ་ལོ་67ཡིན་པ་དང་། 2022ལོའི་ཟླ་7ཚེས་26ཉིན་གློ་རྒྱག་པ་དང་། ལུད་པ་གོག་པ། རྐང་ལག་བཞི་སྐྲངས་པ། དབུགས་ཧལ་བ་སོགས་ཀྱི་ནད་རྟགས་མངོན་པས། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལྟ་ཞིབ་ཉིན་གཅིག་བྱས། ཟླ་7ཚེས་27ཉིན་དམག་ཁུལ་ཁང་སྨན་ཁང་གིICUརུ་བསྒྱུར་རྗེས་ནད་གཞི་ལྕི་རུ་སོང་ཡོད། ཟླ་8ཚེས་8ཉིན་གོང་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཚང་མ་སྲིབས་གཤིས་ཡིན་པ་རེད། ཟླ་8ཚེས་8ཉིན་ཏོག་གསར་རིམས་ནད་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་གདགས་གཤིས་ཡིན་པ་དང་། ཟླ་8ཚེས་9ཉིན་ནད་བརྟག་གཏན་འཁེལ་བྱུང་ནས་འཕྲལ་མར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
ནད་པ་དེར་སྙིང་ནད་དང་། ཁྲག་ཤེད་མཐོ་བ། པགས་ནད་སོགས་རྨང་གཞིའི་ནད་གཞི་ཡོད་པའི་དབང་གིས་ཟླ་གསུམ་ལྷག་ཙམ་མལ་སར་ལུས་ཡོད། རྒྱལ་ཁབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལྷན་འཛོམས་ནད་དཔྱད་བྱས་རྗེས་ནད་པ་དེར་ཏོག་གསར་རིམས་ནད་ལྕི་པོ་ཕོག་པའི་ཐག་བཅད་པ་རེད།
རྒྱལ་ཁབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་མཛུབ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་མི་སྣས་ནད་པར་ཉིན་11རིང་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད་ཏོག་གསར་རིམས་ནད་དྲག་སྐྱེད་བྱུང་སྟེ་གཞན་གྱིས་སྐྱོར་མི་དགོས་པར་ནད་ཁྲི་ནས་བབས་ཐུབ་ཀྱི་ཡོད། རྒྱལ་ཁབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ནད་པ་དེ་སྨན་ཁང་ནས་དོན་པའི་ཚད་གཞིར་སླེབས་པའི་ཐག་བཅད་པ་རེད། སྨན་ཁང་ནས་དོན་རྗེས་ཁྱིམ་དུ་ཉིན་བདུན་རིང་ལོགས་སུ་འཇོག་རྒྱུ་རེད།
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ནད་གཞི་ལྕི་བའི་ནད་པ་ཁོང་དང་མཉམ་དུ་སྨན་ཁང་ནས་དོན་མཁན་གྲས་སུ་ད་དུང་རྟགས་མེད་ནད་དུག་འགོས་པ་བཞི་ཡོད་ཅིང་། དེའི་ནང་ནས་ཆུང་ཤོས་ལོ་གཅིག་དང་ཟླ་བ་བདུན་ཡིན་པ་རེད། ཆུ་ཚོད་24རེར་ཏོག་གསར་རིམས་ནད་ཀྱི་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པས་རྒྱལ་ཁབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྟགས་མེད་ནད་དུག་འགོས་པ་བཞི་པོ་སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་ཡོད་པའི་ཐག་བཅད་པ་རེད། སྨན་ཁང་ནས་དོན་རྗེས་ཁྱིམ་དུ་ཉིན་བདུན་རིང་ལོགས་སུ་འཇོག་རྒྱུ་རེད།