ཚེས་20ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དྲ་མིག་ཅན་གྱི་དོ་དམ་པ། དུད་སྦྲེལ་སྤྱི་མི་བཅས་ཀྱི་ནུས་པ་འདོན་སྤེལ། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་དུག་སེལ་ལས་དོན། གཞིས་རྩེ་གྲོང་ཁྱེར་གྱི་ཁྱིམ་སྡོད་དོ་དམ། མི་སྒེར་གྱི་འགོག་སྲུང་སོགས་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་19ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་22(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་5དང་གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་17 )མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་501(ལྷ་ས་གྲོང་ཁྱེར་ལ་178དང་། གཞིས་རྩེ་གྲོང་ཁྱེར་ལ་197 ལྷོ་ཁ་གྲོང་ཁྱེར་ལ་23 ཉིང་ཁྲི་གྲོང་ཁྱེར་ལ་20 ཆབ་མདོ་གྲོང་ཁྱེར་ལ་4 ནག་ཆུ་གྲོང་ཁྱེར་ལ་16 མངའ་རིས་ས་ཁུལ་ལ་63)བཅས་མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་20ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་2(གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་2)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་219(དེའི་ནང་ལྷ་ས་གྲོང་ཁྱེར་ལ་110དང་། གཞིས་རྩེ་གྲོང་ཁྱེར་ལ་47 ལྷོ་ཁ་གྲོང་ཁྱེར་ལ་21 ཉིང་ཁྲི་གྲོང་ཁྱེར་ལ་16 ནག་ཆུ་གྲོང་ཁྱེར་ལ་4 མངའ་རིས་ས་ཁུལ་ལ་21)མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་19ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་བསྡོམས་ཉེན་ཁ་ཆེ་བའི་ཁུལ་418དང་ཉེན་ཁ་འབྲིང་བའི་ཁུལ་232ཡོད་པ་རེད།
ཟླ་8ཚེས་19ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་22དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་110(སྒྲོམ་ཚང་སྨན་ཁང་ནས་དོན་པ)ལ་གཅིག་སྡུད་ལོགས་འཇོག་གིས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ། ཐད་འབྲེལ་པ་390ལ་གཅིག་སྡུད་ལོགས་འཇོག་གིས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ། མིག་སྔར་ནད་པ་38524གཅིག་སྡུད་ལོགས་འཇོག་བྱས་ནས་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། རིམས་ནད་ཐོན་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་དེ་འགོག་རྡུང་དང་རིམས་འགོག་གི་དམག་འཐབ་ཆེན་པོར་རྒྱལ་ཁ་ལེན་པའི་རྨང་གཞི་དང་འགག་རྩར་བརྩིས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལས་དོན་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་བོད་ལྗོངས་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་འོག གཅིག་གྱུར་བཀོད་སྒྲིག་བྱས་ནས་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་པ་དང་། སྟོབས་ཤུགས་སྡེ་ཁུལ་གྱི་འཐབ་ཕྱོགས་དང་པོར་བཏང་བ། སྡེ་ཁུལ་གྱི་རིམས་ནད་འགོག་སྲུང་དྲ་བ་བརྟན་པོར་བཙུགས་པ་དང་དམ་དུ་བཏང་བ། རིམ་པ་མང་བ་དང་། རྒྱུན་འཁོར་ཧྲིལ་པོ། ཕྱོགས་བསྡུས་ཅན་བཅས་ཀྱི་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་བཙུགས་པ་བཅས་མ་ཟད། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་ཀྱི་ལེགས་ཆ་བཅས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་མཉམ་ཤུགས་ཆེན་པོར་འགྱུར་བར་བྱས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ལ་མི་ཚང་མའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་པས། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རང་རྟོགས་ངང་རིམས་འགོག་གི་འགན་འཁྲི་དང་འོས་འགན་བསྒྲུབས་ནས་ཐུན་མོང་ཐོག་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་བཅོས་སྐྱོང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཧྲེན་ཀྲའོ་ཧྲན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དྲ་མིག་ཅན་གྱི་དོ་དམ་པ་དང་དུད་སྦྲེལ་སྤྱི་མིས“མི་དང་། ས་ཆ། གནས་ཚུལ་བཅས་ལ་རྒྱུས་མངའ་ལོན་པའི”ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “རིམས་འགོག་སྲུང་དམག”ལ་གྱུར་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་པ་དང་། གྲལ་བཤེར་པ། ཆ་འཕྲིན་པ། ལྟ་འདོམས་པ། སློབ་སྟོན་པ། ལས་རོགས་པ། འདུམ་འགྲིག་པ། ཞབས་ཞུ་བ་བཅས་ཡག་པོ་བྱས་ནས་བྱ་ཐབས་དག་དྲ་མིག་ཁག་དང་ཁྱིམ་ཚང་ཚང་མར་དོན་འཁྱོལ་གྱིས་གནས་ཚུལ་མཐིལ་རྟོགས་གསལ་པོ་དང་། མི་སྣའི་འགྲོ་སྐྱོད་ཚོད་འཛིན། གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་དང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲང་ཞའོ་ཀོང་གིས་ངོ་སྤྲོད་བྱས་དོན། མིག་སྔར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“བཀག་སྡོམ་དང་། གྲལ་བཤེར། ལོགས་འཇོག”བཅས་ཀྱི་བླང་བྱ་ལྟར། དུག་སེལ་ས་ཁོངས་ལ་དོ་དམ་བྱེད་པ་དང་འབྲེལ་དུག་སེལ་ས་ཁོངས་ཀྱི་འབྲུ་རིགས་དང་། སྣུམ། འབྲས། གྲོ་ཞིབ། སྔོ་ཚལ་སོགས་འཚོ་བའི་དངོས་ཟོག་བཀོད་གཏོང་དང་། གྲབས་གསོག མཁོ་སྤྲོད་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་མཁོ་སྤྲོད་འགན་ལེན་ཚན་པ་ཁག་གཅིག་གཏན་འཁེལ་གྱིས་ཉིན་ལྟར་དུས་ངེས་མེད་ངང་གྲོང་མི་མང་ཚོགས(ཕྱོགས་མི་ཚུད་པ)ལ་མཁོ་སྤྲོད་བརྟན་པོ་བྱས་ཤིང་། ཟླ་8ཚེས་18ཉིན་གྱི་ཐོ་རེངས་ཚུན་དུ། ཁྲེང་ཀོན་ཆུས་ཀྱིས་ཁྱོན་དུད་ཚང་191180དང་མང་ཚོགས་ཁྲི་50ལྷག་ཙམ་ལ་ལྗིད་ཚད་ཏུན་748.72ཟིན་པའི་སྲིད་གཞུང་གི་དྲོ་སྐྱིད་ཚལ་ཁུག་སྤྲད་ཡོད་པ་རེད། དཀའ་ངལ་སེལ་རོགས་བྱེད་པའི་ཐད་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་ཞིབ་ཕྲའི་བསམ་འཆར་བཏོན་ནས་དམངས་སྲིད་རོགས་སྐྱོབ་མ་དངུལ་བཀོད་སྒྲིག་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་ནས་མང་ཚོགས་དང་ཕྱི་ནས་ཡོང་བའི་གླ་པ་ཁག་གཅིག་གི་དུས་ཐུང་འཚོ་བའི་དཀའ་ངལ་བསལ་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཀུའོ་ལི་ཆིང་གིས་ངོ་སྤྲོད་བྱས་དོན། གཞིས་རྩེ་གྲོང་ཁྱེར་གྱིས“ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་སེལ”གྱི་སྤྱིའི་མཛད་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ནས། “མི་དང་། དངོས་ཟོག ཁོར་ཡུག་བཅས”མཉམ་འགོག་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱིམ་སྡོད་དོ་དམ་ལས་དོན་བཀོད་སྒྲིག་བྱེད་པ་དང་དུས་མཚུངས། “དྲ་མིག་ཅན”དང་། “གནས་ཀྱིས་གནས་ཁྲིད་པ” “ངོ་མི་འཕྲད་པ”བཅས་ཀྱི་ཞབས་ཞུ་མཐའ་འཁྱོངས་བྱེད་པ། ནུས་ཤུགས་གང་ཡོད་བཏོན་ནས་སྨན་བཅོས་དང་འཚོ་བའི་མཁོ་རྫས་ཀྱི་མཁོ་འདོན་འགན་སྲུང་བྱེད་པ། གནད་སྨིན་འབྲེལ་མཐུད་བྱེད་པ། རྒན་རྒོན་དང་། བྱིས་པ། སྦྲུམ་མ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་དགོས་མཁོ་འགན་སྲུང་ནུས་ལྡན་བཅས་བྱས་པ་རེད། སྒྲོན་ཚང་སྨན་ཁང་དང་གནས་གཏན་འཁེལ་གྱི་སྨན་ཁང་གི་ནད་པ་དང་ལོགས་འཇོག་ས་ཚིགས་ཀྱི་མི་སྣའི་འཚོ་བ་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། གཞིས་རྩེ་གྲོང་ཁྱེར་ཞིང་ལས་མ་འཇོག་ཚོགས་པས་སྡེབ་སྐྱེལ་རླངས་འཁོར་80ལྷག་ཙམ་བཏང་ནས་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། སྤྱི་བདེ། དང་བླངས་པ། གསོལ་མགྲོན་ཁང་ནང་ལུས་པའི་ཡུལ་སྐོར་བ་བཅས་ཀྱི་ཉིན་རེའི་ལྟོ་དུས་གསུམ་རིན་མེད་ངང་མཁོ་འདོན་བྱ་རྒྱུའི་འགན་འཁུར་བ་དང་། ཉིན་ལྟར་ལྟོ་དུས་རེ་རེར་གྲོང་ཁྱེར་དེ་ཡོངས་ཀྱི་གཅིག་སྡུད་སྡེབ་སྐྱེལ་ས་ཚིགས་231ལ་སྡེབ་སྐྱེལ་ཕོར་ཟས་12000ལྷག་ཙམ་སྤྲད་པ་རེད། ཟླ་8ཚེས་19ཉིན་བར།“12345གྲོང་སྤྱིའི་ཐད་སྦྲེལ་ཁ་པར”བརྒྱུད་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་དགོས་མཁོ་སྐོང་རོགས་བྱས་ཏེ་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་། བཟའ་བཏུང་ཞག་སྡོད། འཕྲལ་སྡོམ་སྨན་བཅོས། ཉིང་སྐྱུར་བརྟག་དཔྱད་སོགས་དམངས་འཚོའི་གནད་དོན་སྣ་ཚོགས་ཁྲི་1.2ལྷག་ཙམ་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད།
རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་རྡོ་རྗེ་དབང་མོས་བརྗོད་དོན། སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མིག་སྔའི་སྔོན་འགོག་དང་ཚོད་འཛིན་ལས་འགན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྡེ་ཁུལ་གྱི་ལས་དོན་མི་སྣས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀའི་ཁྲོད་བྱེད་ཐབས་སྣ་ཚོགས་གོང་ཞུ་དང་གཤམ་ལ་ཁྱབ་བསྒྲགས་བྱེད་པའི་ནུས་པ་འདོན་དགོས། ཆེད་ལས་ཀྱི་སྔོན་འགོག་དང་ཚོད་འཛིན་མི་སྣའི་མཛུབ་ཁྲིད་འོག་སྡེ་ཁུལ་གྱི་སྤྱི་པའི་ཁོར་ཡུག་དང་། སྒྲིག་ཆས། གློག་སྐས(ལྷག་པར་དུ་མཐེབ་གནོན) སྐས་འཛེགས། བར་ཁྱམས་ཀྱི་གད་སྙིགས་སྤུངས་ས་སོགས་ཀྱི་དུག་སེལ་ལས་དོན་ཡག་པོར་སྒྲུབ་དགོས། སྡེ་ཁུལ་གྱི་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་ནས“ཉིན་དེའི་གད་སྙིགས་ཉིན་དེར་གཙང་སེལ”བྱེད་དགོས། སྡེ་ཁུལ་གྱི་མི་སྣ་སྒྲིག་འཛུགས་བྱས་ཏེ་གོ་རིམ་ལྡན་པའི་ངང་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང“བར་ཐག་སྨི་གཅིག་འཇོག་པའི”རྩ་དོན་ནན་པོར་སྲུང་དགོས། སྡེ་ཁུལ་གྱི་ཉེན་ཁའི་རིམ་པར་གཞིགས་ནས་ཆེད་ལས་མི་སྣར་གཞོགས་འདེགས་ཡག་པོ་བྱས་ཏེ་སྡེ་ཁུལ་གྱི་མི་སྣར་བརྟག་དཔྱད་དང་། ལྟ་སྐུལ། དོ་དམ་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་འབྲེལ་ཞབས་ཞུ་ཁག་ཡག་པོར་སྒྲུབ་དགོས། མི་སྒེར་གྱི་འགོག་སྲུང་ཐད། ལག་པ་ཡང་སེ་བཀྲུ་བ་དང་། ཁ་རས་ཡག་པོར་རྒྱག་པ། གློ་ལུ་བའི་གུས་སྲོལ་ཡག་པོ་སྲུང་བ། འདུ་འཛོམས་ཉུང་ཙམ་བྱེད་པ། ཡ་རབས་ངང་ལྟོ་ཆས་ཟ་བ། སྨི་གཅིག་གི་བར་ཐག་འཇོག་པ། རླུང་འགྲོ་ཡག་པོ་ཡོང་བ་བྱེད་པ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པ། དུས་ཐོག་ཏུ་ཉིང་སྐྱུར་བརྟག་དཔྱད་དང་རིམས་འགོག་སྨན་ཁབ་རྒྱག་པ་སོགས་བྱེད་དགོས།