དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྟ་འདོམས་བྱེད་ཤུགས་ཆེ་བ་དང་། ཁྲོམ་ར་བརྟན་པོ་ཡོད་པ། དམངས་འཚོ་འགན་ལེན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོར་དམིགས་ཏེ་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྤེལ་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་དམ་ཚགས་སུ་བཏང་སྟེ་ཁྲོམ་རའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱས་ཡོད་པ་རེད།

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཀའ་འབྱོར་འཕྲལ་སྒྲུབ་བྱས་ནས་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་ཏེ་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་ཕྱོགས་བསྡུས་འགན་ལེན་ཚོགས་ཆུང་དང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ཚོགས་ཆུང་། ཁྲིམས་འཛིན་སྐོར་ཞིབ་ཚོགས་ཆུང་། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཚོགས་ཆུང་བཅས་བཙུགས་ནས་འཚོ་བའི་དངོས་ཟོག་འགན་ལེན་དང་། བཟའ་བཅའ་དང་སྨན་རྫས་མཁོ་སྤྲོད་འགན་ལེན། རིན་གོང་འགན་ལེན། སྤུས་ཚད་འགན་ལེན་བཅས་ཐུབ་པ་བྱས་པ་རེད། ཁྲོམ་རའི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རིམས་འགོག་མཁོ་ཆས་དང་དམངས་འཚོའི་ཚོང་ཟོག་གི་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་ཐོན་རིང་གི་ཁྲོམ་རའི་རིན་གོང་སྤྱིར་ན་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    ཟླ་8ཚེས་8ནས་14ཉིན་བར། རིགས་ཁག་གི་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་3000ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་བྱེད་པོས་ཨང་རྟགས་བཤེར་བ་དང་། ཚ་བ་ལྟ་བ། དུག་སེལ། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཡོད། སྨན་འཚོང་ས་342ལ་ཞིབ་བཤེར་བྱས་ནས་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བརྡ་ཐོ་6བཏང་བ་དང་སྨན་འཚོང་ས་7ལས་མཚམས་བཞག་ནས་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད།

    ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས“མྱུར་བ་དང་། ཞིབ་ཕྲ། དངོས་ཡོད། ནན་པོ”བཅས་ཀྱི་བླང་བྱ་ལྟར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་མིའི་འཚོ་བའི་མཁོ་སྤྲོད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྱོན་ཁྲིམས་འཛིན་མི་སྣ་མི་ཐེངས་321བཏང་བ་དང་། རིགས་ཁག་གི་ཁྲོམ་རའི་བྱེད་པོ་དུད་ཚང་3264ལ་ཞིབ་བཤེར་བྱས་པ། གནད་དོན་90ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་བཀའ་བཏང་བ། ཁེ་ལས་25ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་བཅས་རེད། ཟོག་གོང་བརྟན་པོ་འགན་ལེན་བྱ་ཆེད། ཉིན་ལྟར་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་། ཞིང་ཟོག་ཐོན་རྫས་ཁྲོམ་ར། སྨན་འཚོང་ས་སོགས་40ཡི་འཚོ་བའི་མཁོ་ཆས་དང་རིམས་འགོག་དངོས་ཟོག་རིན་གོང་ལ་སྟབས་བསྟུན་གྱི་ལྟ་ཞིབ་ཚད་ལེན་བྱས་ནས་ཟོག་གོང་ཧམ་སྤོར་དང་ལྐོག་འབྲེལ་གྱིས་རིན་གོང་འཕར་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།

    རིམས་འགོག་གི་འཐབ་ས་དང་པོར་ཁྲོམ་རའི་ལྟ་འདོམས་མི་སྣས་ཁྲོམ་རའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་མ་ཟད། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་བྱ་སྤྱོད་སྤེལ་བ་དང་། གདོང་མཆོང་བྱེད་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་དང་བདེ་ཐང་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    ཀུན་སེམས་གཅིག་སྒྲིལ་གྱིས་འགན་འཁྲི་འཁུར་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་རིམས་འགོག་བྱས་ཤིང་། བོད་དུ་རིམས་ནད་ཐོན་རྗེས་གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡིས་འཕྲལ་དུ་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་དུས་ཚོད་ཐུང་ངུའི་ནང་རོགས་སྐྱོབ་བཟའ་བཅའ་ཁག་དང་པོ་གཞིས་རྩེར་བསྐྱལ་བ་དང་མ་ཟད། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྲིད་གཞུང་ལ་ཡི་གེ་བཏང་ནས་རང་འགུལ་ངང་རིམས་ནད་འགོག་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པ་དང་འབྲེལ། རླངས་འཁོར་སྒྲིག་འཛུགས་བྱས་ནས་འཐབ་ས་དང་པོར་སྐྱེལ་གྱི་ཡོད་པ་རེད། ཟླ་8ཚེས་9ཉིན་གྱི་དགོང་མོར་གོར་མོ་དོན་གཅོད་ཁྲུའུ་སྨན་ཁང་གིས་ཆེད་ལས་ལག་རྩལ་མི་སྣ་17མགྱོགས་མྱུར་མངགས་ནས་དངོས་ཟོག་ཁག་དང་པོ་འཁྱེར་ཏེ་མཚན་མོ་དེ་རང་དུ་གཞིས་རྩེར་བསྐྱོད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།