ཟླ་8ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་རང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་པ་བརྡ་ཁྱབ་བཏང་སྟེ། གཙོ་གནད་དུ་བོད་ལྗོངས་ཤར་བགྲོད་བདེ་ཐང་བཤེར་རྟགས་དང་། སློབ་ཚུགས་སློབ་ཁྲིད། རྒྱུགས་ལེན་སློབ་བསྡུ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མཁོ་བའི་དངོས་ཟོག་འགན་ལེན་སོགས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་11ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་7(གཞིས་རྩེ་གྲོང་ཁྱེར་དུ་ནད་དཔེ་4དང་། ཉིང་ཁྲི་གྲོང་ཁྱེར་དུ་ནད་དཔེ་2 ནག་ཆུ་གྲོང་ཁྱེར་དུ་ནད་དཔེ་1)མང་དུ་ཕྱིན་པ་དང་། ཡུལ་དེ་གའི་ནད་རྟགས་མེད་པའི་ནད་དཔེ་20(དེའི་ཁྲོད་གཞིས་རྩེ་གྲོང་ཁྱེར་དུ་ནད་དཔེ་14དང་། ཉིང་ཁྲི་གྲོང་ཁྱེར་དུ་ནད་དཔེ་3 ནག་ཆུ་གྲོང་ཁྱེར་དུ་ནད་དཔེ་1 མངའ་རིས་ས་ཁུལ་དུ་ནད་དཔེ་2བཅས་ཚུད་པ)མང་དུ་ཕྱིན་ཡོད་པ་རེད། ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་11ལ། ཆབ་མདོ་གྲོང་ཁྱེར་གྱིས་ནད་རྟགས་མེད་པའི་ནད་དཔེ་3སྙན་སེང་ཞུས་ཡོད། གཏན་འཁེལ་ནད་དཔེ་དང་ནད་རྟགས་མེད་པའི་ནད་དཔེ་ཚང་མ་གནས་གཏན་འཁེལ་གྱི་སྨན་ཁང་ངམ་ཡང་ན་སྒྲོམ་ཚང་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྒྱུར་ཟིན་ཡོད།
ཟླ་8ཚེས་11ཉིན་གྱི་ཆུ་ཚོད་24བར། རིམ་རྩིས་བྱས་ན། འབྲེལ་འདྲིས་དམ་ཟབ་དང་གཞན་བརྒྱུད་འབྲེལ་འདྲིས་ཡོད་མཁན་2417གྲལ་བཤེར་ཐུབ་པ་ཚང་མར་ལོགས་འཇོག་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད་ཟིན་ཞིང་། ཟླ་8ཚེས་12ཉིན་གྱི་ཆུ་ཚོད་12བར། རིམ་རྩིས་བྱས་ན། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་གཏན་འཁེལ་ནད་དཔེ་20དང་ནད་རྟགས་མེད་པའི་ནད་དཔེ་127ཡོད་པ་དང་། ལྗོངས་ཡོངས་སུ་ཉེན་ཁ་ཆེ་ཁུལ་26དང་ཉེན་ཁ་འབྲིང་ཁུལ་67ཡོད།
སློབ་གསོའི་ཐད། མིག་སྔར། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3339ཡོད་པའི་ཁྲོད་སློབ་འགོ་ཚུགས་པའི་སློབ་གྲྭ་295ཡོད། དེའི་ནང་མཐོ་རིམ་སློབ་འབྲིང་4དང་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་291བཅས་ཡོད་པ་དག་ལྷ་ས་གྲོང་ཁྱེར་དུ་སློབ་གྲྭ་4དང་། ནག་ཆུ་གྲོང་ཁྱེར་དུ་སློབ་གྲྭ་186 ཆབ་མདོ་གྲོང་ཁྱེར་སློབ་གྲྭ་103 མངའ་རིས་ས་ཁུལ་སློབ་གྲྭ་2བཅས་ཡོད་པ་རེད། སློབ་འགོ་ཚུགས་ཟིན་པའི་སློབ་གྲྭར་ཕྱི་བཀག་ནང་སྡོམ་གྱི་དོ་དམ་ནན་པོ་བྱས་པ་དང་ལྗོངས་ཏང་ཨུད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་བའི་ཁར་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ལས་དོན་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་རིང་གི་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད། སློབ་འགོ་མ་ཚུགས་པའི་སློབ་གྲྭ་དག་ལ་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱས་ནས་སྤྱི་ཚོགས་ངོས་ཀྱི་རིམས་ནད་གཙང་སེལ་ཐུབ་རྗེས་སློབ་ཚུགས་དུས་ཚོད་ཞིབ་ཕྲའི་ཐད་བདེ་འཇགས་ཚོད་སྐོར་བྱས་རྗེས་གཏོགས་ཁོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་ལ་ཞིབ་མཆན་འགོད་རྒྱུར་སྐྱེལ་རྒྱུ་དང་། དེའི་རིང་སློབ་གྲྭས་དྲ་ཐོག་སློབ་ཚན་འཚོགས་ནས“སློབ་མཚམས་བཞག་ཀྱང་སློབ་ཁྲིད་བྱེད་མཚམས་མི་འཇོག་པའི”འགན་ལེན་བྱ་རྒྱུ་ཡིན་པ་རེད། བོད་ལྗོངས་འཛིན་གྲྭའི་སློབ་མ་བོད་ནས་ནང་སར་བསྐྱོད་པའི་འཆར་གཞི་ནར་འགྱངས་བྱས་ཏེ། སྤྱི་ཚོགས་ངོས་ཀྱི་རིམས་ནད་གཙང་སེལ་བྱས་རྗེས་སྐྱེལ་འདྲེན་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་ལྗོངས་ཕྱི་ནང་གི་ཆ་འཕྲིན་ཐབས་ལམ་གསང་པོ་ཡོང་བ་དང་བོད་ལྗོངས་འཛིན་གྲྭ་གནས་ཡུལ་གྱི་ས་གནས་ཀྱི་རིམས་ནད་གནས་ཚུལ་དང་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར་བོད་ནས་ནང་སར་སྐྱོད་པའི་འཆར་གཞི་སྐབས་བསྟུན་ལེགས་སྒྲིག་གིས་སློབ་མ་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་བོད་ནས་ནང་སར་སྐྱོད་རྒྱུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
ཟླ་8ཚེས་8ནས་10ཉིན་བར། བོད་ལྗོངས་ཤར་བགྲོད་བདེ་ཐང་བཤེར་རྟགས་སྐབས་རེ་འདྲི་རྩད་བྱེད་འགོར་བ་དང་སྤྱོད་མཁན་རེ་འགའི་ཨང་རྟགས་བཤེར་མི་ཐུབ་པ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད། བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་བྱམས་པ་ཚེ་རིང་གིས་ཀུང་སིས་འཕྲལ་མར་ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་ལག་གི་ནུས་པ་ལེགས་སུ་གཏོང་བ། འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གནད་དོན་དེ་དག་ཐག་གཅོད་བྱེད་བཞིན་ཡོད་ཅེས་བརྗོད།
རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་གི་གསར་འགྱུར་མགྲིན་ཚབ་པ་ཐིང་ཀྲང་གཞོན་པ་ཀུའོ་ཞང་གིས། “མིག་སྔར། ལྗོངས་ཡོངས་ཀྱི་རིམས་འགོག་དངོས་ཟོག་འདང་ངེས་དང་ཟོག་ཁུངས་མཁོ་སྤྲོད་བྱེད་ལམ་བདེ་བླག་ཡོད་པས་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་དང་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་སྣའི་ཉིན་20རིང་གི་གཙོ་གནད་རིམས་འགོག་དངོས་ཟོག་གི་དགོས་མཁོ་འགན་ལེན་ཐུབ་ཀྱི་ཡོད”ཅེས་བརྗོད།
ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཁྲེང་ཅིང་གིས། ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2022ལོའི་ཟླ་8ཚེས་12ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ནས་ཟླ་8ཚེས་15ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་བར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་སྡེ་ཁུལ་དྲ་མིག་ཚན་པར་བྱེད་པ་དང་། ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ལས་སྒྲུབ་རླངས་འཁོར་རེའི་ལས་དོན་སྒྲུབ་ཁུལ་གཏན་འཁེལ་བྱས་ཏེ་དུག་སེལ་བྱེད་བཞིན་ཡོད་པ་མ་ཟད། རིམས་འགོག་གི་དགོས་མཁོར་གཞིགས་ནས། དེ་བས་གནད་སྨིན་དང་དེ་བས་སྟབས་བདེའི་སྒོ་ནས་དྲ་མིག་ཁུལ་ཆུང་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་པར་སྐྱོད་དགོས་པའི་གཏན་འབེབས་བྱས་ཡོད་པས། རྒྱ་ཆེའི་གྲོང་མི་ཚོར་དམིགས་བསལ་དང་གལ་ཆེ་བའི་དོན་དག་མེད་ཚེ་ཕྱིར་མི་སྐྱོད་པ་དང་། ཕན་ཚུན་འགྲོ་རེས་མི་བྱེད་པ། འདུ་འཛོམས་མི་བྱེད་པ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་། སྨན་བཅོས་འགན་སྲུང་ཐད། ལྷ་ས་གྲོང་ཁྱེར་གྱིས་དྲ་མིག་རེ་རེར་བོགས་གཏོང་རླངས་འཁོར་2ཀྱི་ཚད་གཞི་ལྟར། ཁྱོན་བོགས་གཏོང་རླངས་འཁོར་400བཀོད་སྒྲིག་བྱས་ཏེ་གནས་དང་གནས་གཏུགས་ཏེ་སྨན་དོན་མི་སྣ་བསུ་སྐྱེལ་གྱི་འགན་ཁུར་ནས་ནད་པ་ཚང་མར་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་པའི་འགན་ལེན་བྱས་ཡོད། སྨན་རྫས་མཁོ་སྤྲོད་ཐད། གྲོང་མི་མང་ཚོགས་དང་འགྲུལ་པ་སྨན་ཉོ་དགོས་ཚེ་མངག་སྐྱེལ་གྱི་ལས་སྟེགས་སུ་རང་འདོད་ཉོ་ཆོག འཚོ་བའི་དངོས་ཟོག་འགན་ལེན་ཐད། གྲོང་ཁྱེར་ཡོངས་ཀྱི་འབྲུ་སྣུམ་དང་། ཤ་རིགས། སྒོ་ང་། འོ་མ། ཚལ་སོགས་འཚོ་བའི་ཉེར་མཁོ(ཤ་རིགས་ཏུན་4085ཡོད་པ་ཉིན་68འདང་བ་དང་སྔོ་ཚལ་ཏུན་2041ཡོད་པ་ཉིན་17འདང་བ)སྣ་ཁ་འཛོམས་ལ་གྲ་སྒྲིག་འདང་ངེས་བྱས་ཡོད། མྱུར་སྐྱེལ་ཟོག་འགྲེམས་མངག་སྐྱེལ་ཐད། མྱུར་སྐྱེལ་ཟོག་འགྲེམས་མངག་སྐྱེལ་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་པ་དང་། མངག་སྐྱེལ་བ་དང་མྱུར་སྐྱེལ་བས་ཉིང་སྐྱུར་བརྟག་དཔྱད་དང་རྒྱུན་རྣམ་ཅན་གྱི་གཟུགས་པོའི་དྲོད་ཚད་བརྟག་དཔྱད་བྱེད་པ་དང་འགོག་སྲུང་བྱེད་ནུས་ཆེ་རུ་བཏང་བའི་སྔོན་འགྲོའི་འོག་སྡེབ་སྐྱེལ་ལས་དོན་སྤེལ་ཏེ་སྡེབ་སྐྱེལ་བྱ་བ་གོ་རིམ་ལྡན་པ་དང་བདེ་འཇགས་བློས་འཁེལ་ཡོང་བར་བྱས་ཡོད། འགྲུལ་པ་ལྷ་ས་ནས་ཕྱིར་ཐོན་པའི་ཐད། འགྲུལ་པར་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱིས་མགྱོགས་ལ་བདེ་འཇགས་ལྡན་པའི་ཞབས་ཞུ་བསྒྲུབས་ནས་འགྲུལ་པར་སྔོན་ལ་མ་དཔེ་འཚོལ་བསྡུ་དང་སྔོན་ལ་བརྟག་དཔྱད་བྱས་འབྲས་ཐོན་ཐུབ་པ་བྱས་ཏེ། རིམས་ནད་མཆེད་ལམ་མཐའ་གཅིག་ཏུ་འགོག་པ་དང་རིམས་ནད་ཀྱི་ཉེན་ཁ་ཕྱི་ལ་མ་མཆེད་སྔོན་འགོག་བྱེད་པའི་སྔོན་འགྲོའི་འོག འབྲེལ་ཡོད་ཀྱི་བླང་བྱར་ནན་པོར་གཞིགས་ནས་འགྲུལ་པ་ལྷ་ས་ནས་ཐོན་རྒྱུའི་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
“རྒྱ་ཆེའི་གྲོང་མི་དང་། འགྲུལ་པ། གྲོགས་པོ་རྣམ་པས་ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་རིམས་འགོག་གི་ལས་དོན་ཁག་ལ་གཞོགས་འདེགས་དང་རྒྱབ་སྐྱོར་ཧུར་ཐག་བྱེད་པའི་རེ་བ་ཡོད་ལ། ལྷ་ས་གྲོང་ཁྱེར་གྱིས་འགན་ཆེ་ཤོས་འཁུར་བའི་རྣམ་འགྱུར་དང་། སྤྱོད་ཚུལ་ལེགས་ཤོས། ཚན་རིག་དང་མཐུན་ཤོས་ཀྱི་བྱ་ཐབས། ཆེས་དངོས་སྒྲུབ་ཀྱི་བྱ་ཐབས་བཅས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཐུབ་རྒྱུ་ཡིན་པས་ཚང་མས་ཡིད་ཆེས་ཀྱང་གནང་རོགས”ཞེས་ཁྲེང་ཅིང་གིས་བརྗོད།