དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-12

    ཚེས་10ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་བོད་ཀྱི་སྤྱི་ཚོགས་བདེ་འཇགས་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་གྱི་གནས་ཚུལ་དང་འགྲིམ་འགྲུལ་སྐྱེལ་འདྲེན་འགན་སྲུང་གནས་ཚུལ་ངོ་སྤྲོད་བྱས་པ་རེད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་ཧྲོའུ་པི་དང་། བོད་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ཡེ་ཧའེ་ཐའོ། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲན་ཧྲུའེ་ཧྥུན་བཅས་ཀྱིས་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་ཧྲོའུ་པི་ཡིས་ཟླ་8ཚེས་9ཉིན་གྱི་ཆུ་ཚོད་0པ་ནས་24པའི་བར་བོད་ལྗོངས་སུ་གཏན་འཁེལ་ནད་དཔེ་9མང་དུ་སོང་བའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ནད་དཔེ་2དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ནད་དཔེ་2 གམ་པ་རྫོང་དུ་ནད་དཔེ་1 འབྲོང་པ་རྫོང་དུ་ནད་དཔེ་3 ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ནད་དཔེ་1བཅས་ཡོད། ནད་རྟགས་མེད་པའི་ནད་དཔེ་18མང་དུ་ཕྱིན་པའི་ནང་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ནད་དཔེ་2དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ནད་དཔེ་5 འབྲོང་པ་རྫོང་དུ་ནད་དཔེ་3 སྐྱིད་གྲོང་རྫོང་དུ་ནད་དཔེ་3 གཉའ་ནང་རྫོང་དུ་ནད་དཔེ་1 ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ནད་དཔེ་4བཅས་ཡོད་པ་རེད། ཚེས་10ཉིན་གྱི་ཉིན་དགུང་ཆུ་ཚོད་12བར་མངའ་རིས་ས་ཁུལ་གྱིས་ནད་རྟགས་མེད་པའི་ནད་དཔེ་5མང་དུ་ཕྱིན་པའི་སྙན་སེང་ཞུས་ཡོད། གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་ཉེན་ཁ་ཆེ་ཁུལ་14དང་ཉེན་ཁ་འབྲིང་ཁུལ་12གསར་དུ་གཏན་འཁེལ་བྱས་ཡོད་པ་རེད། མིག་སྔའི་བར་ལྗོངས་ཡོངས་སུ་ད་ཡོད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་11དང་ནད་རྟགས་མེད་པའི་ནད་དཔེ་43ཡོད་པ་དང་། ལྗོངས་ཡོངས་སུ་ཉེན་ཁ་ཆེ་ཁུལ་15དང་ཉེན་ཁ་འབྲིང་ཁུལ་34ཡོད་པ་རེད།

    ཝང་ཧྲོའུ་པིས་ངོ་སྤྲོད་བྱས་པར་གཞིགས་ན། གཏན་འཁེལ་བྱུང་བའི་ནད་དཔེའི་ཁྲོད་ནད་ཚབས་ལྕི་བའི་ནད་དཔེ་1ཡོད་པ་དེ་བུད་མེད་ཡིན་པ་དང་ལོ་67ལ་སླེབས་ཤིང་། དེ་སྔོན་ཁྲག་ཤེད་མཐོ་བ་དང་སྙིང་ཁམས་ཀྱི་ནད་གཞི་ཡོད་པས་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེ་བྱིངས་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེའི་ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་ས་ཁོངས་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱས་ཏེ་མི་ཁྲི་199.22ཡི་མ་དཔེ་འཚོལ་བསྡུ་བྱས་ཡོད་པ་རེད། ནག་ཆུ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱིས་གྲོང་ཁུལ་གཙོ་བོའི་མི་ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱས་ནས་མི་ཁྲི་56.50ཡི་མ་དཔེ་འཚོལ་བསྡུ་བྱས་པ་རེད།

    འགྲིམ་འགྲུལ་འགན་ལེན་ཐད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲན་ཧྲུའེ་ཧྥུན་གྱིས་མིག་སྔའི་བར་གཞུང་ལམ་དང་འགྲུལ་སྐྱེལ་ཟོག་འདྲེན་བགྲོད་ལམ་འཁོར་རྒྱུག་རྒྱུན་གཏན་ཡིན་པ་དང་། རིམས་འགོག་དངོས་ཟོག་དང་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་སྤྱིའི་ཆ་ནས་ཤར་གཏོང་ཐུབ་པ། གཙོ་གནད་དངོས་ཟོག་གི་གློག་རྡུལ་ལམ་ཡིག་མ་ལག་ཤར་གཏོང་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་། བདལ་གཏོང་རླངས་འཁོར། དྲ་ཐོག་ནས་ཁ་ཆད་བྱས་པའི་རླངས་འཁོར་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁྱོན་ཡོངས་ནས་ནན་དུ་བཏང་ཡོད་པ་བཅས་རེད་ཅེས་བརྗོད།

    ལྕགས་ལམ་ཐད་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་བབས་ཚུགས་ཁུལ་གྱིས་ལྷ་ས་བབས་ཚུགས་དང་ལྷ་ས་མེ་འཁོར་བཀོད་གཏོང་དུམ་བུའི་ཚན་པ་གཉིས་གཙོ་བོ་བྱས་ནས་དེ་གར་ལུས་པའི་འགྲུལ་པར་སེམས་གསོ་དང་ཕྱིར་ལོག་པའི་ཞབས་འདེགས་ཧུར་ཐག་ཞུས་པ་རེད། དམངས་སྤྱོད་མཁའ་འགྲུལ་ཐད་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་མགྱོགས་མྱུར་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྐྱེལ་འདྲེན་འགན་ལེན་ལས་དོན་སྤེལ་ཞིང་། མིག་སྔའི་བར་ལྷ་ས་གོང་དཀར་གནམ་ཐང་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་བཞིན་ཡོད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བདེ་བླག་ངང་ནུས་ལྡན་ཡོང་བའི་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་འཕྲོད་བསྟེན་བདེ་ཐང་དང་། ནད་ཡམས་ཚོད་འཛིན། འགྲིམ་འགྲུལ་སོགས་སྡེ་ཚན་དང་མཉམ་དུ་ཉིན་མཚན་བསྟུད་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཧུར་ཐག་སྤེལ་ནས་བྱེད་ཐབས་སྣ་མང་སྤྱད་དེ་རིམས་ནད་ཐོན་རིང་གི་སྤྱི་ཚོགས་བདེ་འཇགས་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།