དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷད་མེད་བརྩེ་སེམས་བཅངས་ནས་ནད་བཅོས་སྲོག་སྐྱོབ་ལས་ལ་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-08

    ཉེ་བའི་ལོ་ཤས་རིང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་ནད་པ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་སྨན་ཁང་གི་མི་ཆོས་རིག་གནས་ཀྱི་ཁོར་ཡུག་ལེགས་སུ་ཤུགས་ཆེན་བཏང་བས། སྨན་ཁང་གི་སྤུས་རྟགས་དང་གཟུགས་བརྙན་ལེགས་སུ་ནུས་ལྡན་ཕྱིན་ནས་ནད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད།

    ནད་པར་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས་ནས་མི་སེམས་དྲོ་བར་བྱས་པ།

    2020ལོའི་ཟླ་2ཚེས་14ཉིན་གྱི་སྔ་དྲོ། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་དོས་དྲག་ཚན་ཁག་ཏུ་ན་ཟུག་མི་བཟོད་པར་གཟུགས་པོ་སྒུར་སྒུར་བྱས་ནས་ཡོང་བའི་རྒན་མོ་ཞིག་དོས་དྲག་ཚན་ཁག་གི་སྨན་དོན་མི་སྣས་མཐོང་འཕྲལ་ཁོང་གི་གམ་དུ་ཕྱིན་ཏེ“ཁྱེད་རང་ག་རེ་ན་གི་འདུག”ཅེས་ན་ཚའི་སྐོར་དྲིས།

    དེ་ཡང་ཉིན་ཉི་ཤུའི་གོང་། རྒན་མོས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་ཁྱིམ་དུ་འདྲེད་བརྡབ་ཤོར་ནས་མཚང་རུས་གཡས་མར་ན་ཟུག་ཆེན་པོ་བཏང་ནའང་། རྒན་མོས་སྣང་བ་དེ་ཙམ་བཏང་མེད། འོན་ཀྱང་ངལ་གསོ་ཉིན་འགའ་བརྒྱབ་ཡང་ན་ཟུག་ཆེ་རུ་སོང་སྟབས་མཐར་ཕྲུ་གུས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་ཁྲིད་ཡོང་བ་རེད། སྨན་པས་རྒན་མོར་འབྲེལ་ཡོད་ཀྱི་བརྟག་དཔྱད་བྱས་སྟེ་འཕྲལ་མར་སྨན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་བ་རེད།

    སྐབས་དེ་དུས་ཏོག་གསར་གློ་ཚད་རིམས་ནད་ཛ་དྲག་པའི་དུས་ཡིན་ཡང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་དོས་དྲག་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར་ནད་པར་ཏོག་གསར་ནད་དུག་འགོས་ཡོད་མེད་དབྱེ་བཤེར་བྱས་རྗེས་ནད་པའི་གཟུགས་པོར་བརྟག་དཔྱད་བྱས་པས་མཚང་རུས་གཡས་པའི་རུས་པ་ཆག་པ་གཏན་འཁེལ་བྱས་པ་རེད།

    རིམས་ནད་ཐོན་པའི་སྐབས། ནད་པར་གཤགས་བཅོས་བྱ་རྒྱུ་ནི་སྨན་དོན་མི་སྣའི་ངོས་ནས་བརྗོད་ན་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད། གལ་སྲིད་རིམས་ནད་སྔོན་འགོག་ཚད་འཛིན་དང་། དབྱེ་བཤེར། དེ་བཞིན་འགོག་སྲུང་བྱ་ཐབས་གནད་འཁེལ་མ་བྱུང་ཚེ། སྨན་དོན་མི་སྣར་ནད་དུག་འགོ་བའི་ཉེན་ཁ་ཆེན་པོ་ཡོད།

    འོན་ཀྱང་སྐབས་དེ་དུས་རུས་ནད་ཚན་ཁག་གི་རུས་ཚིགས་ཚོགས་ཆུང་གི་ཀྲུའུ་རེན་གཞོན་པ་ཧོང་ཆི་ཆུའེ་ཡིས“ང་ཚོས་རྒན་མོར་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་རེད”ཅེས་བཤད་ནས་རྒན་མོར་དུས་ཐོག་ཏུ་གཤགས་བཅོས་བྱས་པ་མ་ཟད། སྨན་པ་དང་སྨན་གཡོག་གིས་ལྟ་རྟོག་གང་ལེགས་བྱས་པས་རྒན་མོ་མགྱོགས་མྱུར་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན།

    ཉེ་བའི་ལོ་ཤས་རིང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས“མི་རྩ་བར་འཛིན་པ་དང་། སེམས་རྩ་འཁོལ་བའི་ཞབས་འདེགས་”དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་ཆོས་རིག་གནས་ལྡན་པའི་སྨན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ། ནད་སྐྱོང་སྤུས་ཚད་ལ་དམ་འཛིན་ཤུགས་ཆེན་དང་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བའི་ཁར། ཞབས་ཞུའི་ལས་རིམ་དང་རྣམ་འགྱུར་ཡག་ཏུ་བཏང་ནས་ནད་པར་ཞབས་འདེགས་ཞུ་བའི་སྤུས་ཚད་སྔར་བས་ཡག་ཏུ་གཏོང་བཞིན་ཡོད།

    ནད་དཔྱད་ལས་རིམ་བཟང་སྒྲིག་བྱས་ནས་ནད་པས་སྨན་པ་བསྟེན་སྐབས་དེ་བས་སྟབས་བདེ་ཡོང་བར་བྱས་པ།

    ཉེ་བའི་ལོ་ཤས་རིང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་ནད་པར་སྨན་བཅོས་ཐད་སྟབས་བདེ་བསྐྲུན་རྒྱུ་འགོ་འཛུགས་སར་བྱས་ནས་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་དང་། ཞབས་ཞུའི་ལས་རིམ་བཟང་སྒྲིག ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་རྩེར་སོན་ཤེས་ལྡན་པ་ནང་འདྲེན་ལ་ཤུགས་སྣོན། སྨན་ཁང་གི་ཕྱོགས་གང་ས་ཅི་ཐད་འཛུགས་སྐྲུན་སོགས་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།

    ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་ནད་པ་རྒན་རྒོན་ལ་ལག་ཐོགས་ཁ་པར་མེད་པ་དང་། བདེ་ཐང་བཤེར་རྟགས་མེད་པ། འགྲོ་སྐྱོད་སྟབས་བདེ་མེད་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་ལ་དམིགས་ནས་སྨན་ཁང་གི་སྒོ་འཛུལ་སར་རྒན་འཁོགས་ལ་བདེ་ཐང་བཤེར་རྟགས་མེད་རིགས་རྒན་རྒོན་གྱི་ཤར་བགྲོད་ལམ་བཟོས་པ་མ་ཟད། ལས་དོན་བཀོད་སྒྲིག་བྱས་ནས་རྒན་རྒོན་གྱི་རིམས་འགོག་གི་བདེ་ཐང་བཤེར་རྟགས་སམ་ཡང་ན་རིམས་ནད་རིག་པའི་ནད་བརྟག་དཔྱད་བྱས་འབྲས་ལེན་རོགས་བྱེད་དུ་བཅུག་པ་དང་། སྒོ་བསྟེན་སྨན་ཁང་དུ་རྒན་རྒོན་གྱི་སྒོ་བསྟེན་ཁང་སོགས་ཡང་བཙུགས་ནས་རྒན་འཁོགས་ཚོས་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་པ། ནད་པ་རྒན་རྒོན་གྱིས་སྨན་སྤྱོད་རྒྱུར་བདེ་འཇགས་ཡོང་བ་བྱ་ཆེད། སྨན་ཁང་གིས་ད་དུང་ཆེད་མངགས་རྒན་རྒོན་གྱི་སྨན་སྤྱོད་བློ་འདྲིའི་ཞབས་ཞུའི་སྐར་ཁུང་བཙུགས་ནས་རྒན་རྒོན་གྱིས་སྨན་ཡག་པོ་བེད་སྤྱོད་མ་ཐུབ་པའི་ཉེན་ཁ་ཆུང་དུ་བཏང་སྟེ་ཁོང་ཚོའི་སྨན་སྤྱོད་བདེ་འཇགས་འགན་ལེན་བྱས་པ་རེད།

    ལྷག་བསམ་དང་བརྩེ་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོར་གཅེས་སེམས་མཚོན་པར་བྱས་པ།

    བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དམིགས་བསལ་དཀའ་ངལ་ཡོད་མཁན་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་སྐལ་བཟང་བདེ་ཆེན་གྱིས་རུ་སྣེ་ཁྲིད་ནས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་ལ་ཡོང་ཐེངས་གསུམ་པ་རེད། ནད་པ་ཁྱོན་12ཡོད་པའི་ཁྲོད་ལོ་མཐོ་ཤོས་80དང་ཆུང་ཤོས་17ལ་སླེབས་ཀྱི་ཡོད། ཕལ་ཆེ་བ་སྤུས་ཚིགས་དང་མཚང་རུས་ན་བ་ཤ་སྟག་རེད།

    ནད་པ་ཕལ་ཆེ་བ་ལོ་ན་མཐོ་བ་དང་ནད་ཚབས་ལྕི་བར་དམིགས་ནས་སྨན་ཁང་གིས་ཁོང་ཚོར་ཤར་བགྲོད་ལམ་ཆེད་མངགས་བཙུགས་པ་མ་ཟད། ཉལ་ཁྲི་སྔོན་ལ་བཀོད་སྒྲིག་བྱས་ཏེ་ཉམས་མྱོང་ཕུན་སུམས་ཚོགས་པའི་རུས་ནད་ཚན་ཁག་གི་སྨན་པ་ནད་དཔྱད་བྱེད་དུ་བཅུག་ཡོད།

    2021ལོའི་ཟླ་1པོའི་ཟླ་དཀྱིལ་དུ་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་རུས་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་ཨའོ་དབྱང་ཤང་ཡུས་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་མཇུག་འགྲིལ་རྗེས་ཁྱིམ་དུ་མ་ལོག་པར་བོད་ལ་ཡོད་པའི་རང་ཉིད་ཀྱི་ནད་པར་བསྐྱར་དུ་བརྟག་དཔྱད་བྱེད་པར་ཡོང་ཡོད།

    ལྷ་སར་སླེབས་རྗེས་ཨའོ་དབྱང་ཤང་ཡུས་ཀྱིས་འཕྲལ་མར་རང་ཉིད་ཀྱི་ནད་པ་དང་འབྲེལ་བ་བྱས། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་ཁོང་གིས་ལོ་70ལྷག་ཙམ་ལ་སླེབས་པའི་བཀྲ་ཤིས་དབང་འདུས་ཀྱི་རྐང་པ་དྲག་སྐྱེད་ཡག་པོ་བྱུང་ཡོད་མེད་བརྟག་དཔྱད་ཞིབ་ཕྲ་བྱས་པ་མ་ཟད། བདེ་ཐང་སླར་གསོའི་སྦྱོང་བརྡར་ཐད་མཛུབ་ཁྲིད་ཀྱང་བྱས། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ཁོང་གིས་དེ་སྔའི་ནད་པ་ལྷག་རྡོར་དང་ཅི་འཕྲོས་མོལ་འཕྲོས་བྱས་ཤིང་། ལྷག་རྡོར་གྱི་རྨ་ཁ་ཡོངས་སུ་དྲག་སྐྱེད་བྱུང་བ་མཐོང་འཕྲལ། ཨའོ་དབྱང་ཤང་ཡུས་ཀྱི་སེམས་པ་ལྷོད་ལ་བབས། ཨའོ་དབྱང་ཤང་ཡུས་ཀྱིས“ཁོང་ཚོ་ཡང་བསྐྱར་ཁྲེང་ཏུར་བརྟག་དཔྱད་བྱེད་པར་ཡོང་དགོས་ན་ཧ་ཅང་སུན་པོ་ཡོད་པས། དེ་ལས་རང་ཉིད་སྨན་པ་ཞིག་ཡིན་པའི་ངོས་ནས་ནད་པ་ཚོར་ལྟ་བར་ཡོང་ན་ཡག་པ་འདུག”“རྗེས་སུ་ང་ད་དུང་ཡིན་གཅིག་ཡོང་གི་ཡིན”ཞེས་བཤད།

    སེམས་རྩ་འཁོལ་བའི་ནད་གཡོག་དང་། སྤུས་ཚད་མཐོ་བའི་སྨན་བཅོས། སྤུས་ལེགས་ཀྱི་ནད་དཔྱད་ཁོར་ཡུག་སོགས་ལྡན་པའི་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་བྱ་ཐབས་ཞིབ་ཕྲ་རེ་རེ་ལས་མི་ཆོས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་དང་སྨན་བཅོས་ཀྱི་ཁྱད་ལྡན་སྤུས་རྟགས་བཏོད་པ་མཚོན་ལ། གཅེས་སེམས་བཅངས་ནས་ནད་བཅོས་སྲོག་སྐྱོབ་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་དམངས་ཀྱི་བདེ་ཐང་ཆེད་ཞབས་འདེགས་ཞུ་དང་ཞུ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།