དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འགྲོ་བའི་ནད་གདུང་སེལ་བའི་མགོན། བྱམས་དང་བརྩེ་བའི་བདག་ཉིད་ཅན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-29

    cf8c69c4-f18a-4368-a124-470e5a8a0803.jpg.jpg

    འདི་ནི་བོད་སྐྱོར་སྨན་པ་ཀུང་ཝེ(གཡས་ཀྱི་གཉིས་པ)ཡིས་བྱིས་པ་ནད་པར་བརྟག་དཔྱད་བྱེད་བཞིན་པ།

    ཀུང་ཝེ་ནི་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དྲུག་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མིའི་གྲས་ཤིག་ཡིན་པ་དང་། མིག་སྔར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་བཞིན་ཡོད། མངའ་རིས་སུ་ཐོག་མར་འབྱོར་བའི་སྐབས་སུ། ཀུང་ཝེ་ལ་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ཁོར་ཡུག་གི་ཤུགས་རྐྱེན་ཕོག་ནས་ཁྲག་ཤེད་མཐོ་བ་དང་གཅིན་སྐྱུར་འདུས་ཚད་མཐོ་བ་སོགས་ཀྱི་ནད་རྟགས་ཐོན་ཏེ་རྐང་པར་ཆུ་བསགས་ནས་གོམ་པ་ཡང་སྤོ་མི་ཐུབ་པར་གྱུར་མོད། འོན་ཀྱང་ཁོང་གིས་དཀའ་སྤྱད་སྡུག་རུས་བྱས་ནས་སེམས་ནུས་ཡོད་རྒུས་བོད་སྐྱོར་ལས་དོན་ལ་ཞུགས་ཡོད།

    བྱིས་པའི་ཕྱི་བཅོས་ཚན་ཁག་ནི་ཕྱོགས་བསྡུས་རང་བཞིན་ཆེ་བའི་ཆེད་ལས་ཤིག་ཡིན་པའི་ཁར་དཀའ་ཚེགས་ཆེ་ལ་ཉེན་ཁ་ཆེ་བས་ཚན་ཁག་མང་པོའི་འདེགས་སྐྱོར་དགོས་ཀྱི་ཡོད། ཤེས་ལྡན་མི་སྣ་དཀོན་པའི་དབང་གིས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ལ་ཆེད་ལས་ཀྱི་བྱིས་པའི་ཕྱི་བཅོས་སྨན་པ་མེད་ལ། ཆེད་སྤྱོད་ཀྱི་གཤགས་བཅོས་ཡོ་བྱད་དང་། སྦྲིད་སྨན་ཚོགས་པ། ནད་སྐྱོང་དྲག་སྐྱེད་ཉམས་མྱོང་བཅས་ཀྱང་མེད་པས། ནད་གཞི་ལྟ་སྐབས་གཤགས་བཅོས་བྱེད་དགོས་པའི་བྱིས་པ་ཡོད་ཕྱིན་ལྷ་སར་སྨན་བཅོས་བྱེད་པར་སྐྱེལ་དགོས་ཀྱི་ཡོད།

    “མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་སླེབས་མ་ཐག་པའི་སྐབས་སུ་དེ་གའི་བྱིས་པའི་ཕྱི་བཅོས་ཚན་ཁག་གིས་ནད་བརྟག་སྨན་བཅོས་སྤྱིར་ན་ཐུབ་ཀྱི་མེད”ཅེས་ཀུང་ཝེ་ཡིས་དྲན་གསོ་བྱེད་བཞིན་དུ་བཤད།

    དཀའ་གནད་དེ་གང་མགྱོགས་བསལ་ནས་ནད་པར་སྔ་ཙམ་བདེ་སྐྱིད་སྐྲུན་ཆེད། ཀུང་ཝེ་ཡིས་སྨན་ཁང་གི་སྨན་པ་ཚོའི་སྣེ་ཁྲིད་དེ་སྨན་བཅོས་བྱེད་རིང་སློབ་སྦྱོང་དང་སློབ་སྦྱོང་བྱེད་རིང་སྨན་བཅོས་བྱས་ནས་གཞི་རྩའི་ནད་དཔྱད་དང་། གཟུགས་པོ་བརྟག་དཔྱད། བཀོལ་སྤྱོད། གཤགས་བཅོས་བཅས་ཀྱི་དཔུང་ཁག་དང་སློབ་མར་སྣེ་ཁྲིད་བྱས་པ་རེད། ཁོང་དང་འབྲེལ་འདྲིས་ཆེ་བའི་ལས་རོགས་ཚོས་དཔུང་ཁག་ཁྲིད་པ་བརྒྱུད་རླུང་ཚ་བའི་སྨན་པ་ཀུང་ལགས་ཀྱི་གཤིས་ཀ་ཡང་འཇམ་དུ་ཕྱིན་ནས་ངང་རྒྱུད་རིང་བའི་སློབ་སྟོན་པར་གྱུར་བ་དང་། དཔུང་ཁག་གི་སྨན་བཅོས་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་ཆེད། སྨན་པ་ཀུང་ལགས་ཀྱིས་ནད་ཁང་ཞིབ་བཤེར་དང་ནད་དཔེ་གྲོས་བསྡུར་བྱེད་སྐབས་གཤགས་བཅོས་ཀྱི་བརྒྱུད་རིམ་དམར་ཁྲིད་ལམ་ནས་འགྲེལ་བཤད་ཞིབ་ཕྲ་རྒྱག་གི་ཡོད་ཅེས་སེམས་འགུལ་ཟབ་མོས་བཤད། ཟླ་ཤས་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྦྲིད་སྨན་གྱི་གཞོགས་འདེགས་དང་། ནད་སྐྱོང་གི་གཞོགས་འདེགས། དྲག་སྐྱེད་ཀྱི་གཞོགས་འདེགས། ཡོ་བྱད་སྒྱུར་བཀོད་སོགས་ཀྱི་སྨན་བཅོས་ལག་རྩལ་དག་སྨན་ཁང་གི་སྨན་པ་ཚོས་རིམ་བཞིན་ཁོང་དུ་ཆུད་ནས་སྨན་ཁང་གི་བྱིས་པའི་ཕྱི་བཅོས་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད།

    ཀུང་ཝེ་ནི་སྨན་ཁང་ཡོངས་ཀྱི་གོང་འོག་ཚང་མས་ཁས་ལེན་བྱེད་པའི་མཁོ་ཆོད་སྨན་པ་ཞིག་ཡིན་ཞིང་། ད་ཆ་ཁོང་གི་མཛུབ་ཁྲིད་ཞིབ་ཚགས་འོག་སྨན་ཁང་གི་སྨན་པ་ཁག་གཅིག་གིས་བྱིས་པའི་ཕྱི་བཅོས་ཚན་ཁག་གི་རྒྱུན་མཐོང་ནད་ཁག་གཅིག་རང་ཚུགས་ངང་སྨན་བཅོས་བྱེད་ཐུབ་པ་དང་། ཀུང་ཝེ་ཡིས་དཔུང་ཁག་གི་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་གྱི་བྱིས་པའི་ཁུང་གཅིག་གསུས་ཤེལ་གྱི་རྒྱུ་ལྷག་གཤགས་བཅོས་ཐོག་མ་ལེགས་སྒྲུབ་བྱས་པ་མ་ཟད། ད་དུང་རྙོག་འཛིང་ཆེ་བའི་ཕྲུ་གུ་དམར་འབྱར་གྱི་གཤགས་བཅོས་རབ་དང་རིམ་པ་ཡང་བྱས་པ་རེད། སྨན་ཁང་གི་བྱིས་པའི་ཕྱི་བཅོས་ཚན་ཁག་གི་རྒྱུན་གཏན་གྱི་གཤགས་བཅོས་སྔར་བས་ཚད་ལྡན་དུ་ཕྱིན་ཡོད།

    “ནང་སར་མ་ལོག་གོང་སྨན་ཁང་དུ་ཕྲུ་གུའི་བདེ་ཐང་སྲུང་བའི་སྨན་བཅོས་དཔུང་ཁག་ཅིག་འཛུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན། ངས་ངེས་པར་དུ་ལས་གནས་འདིའི་ཐོག་འབད་འཐབ་བྱས་ནས་ནུས་པ་གང་ཡོད་ཀྱིས་དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱས་ཏེ་ལག་རྩལ་དེ་བས་མང་བ་བརྒྱུད་ཁྲིད་བྱེད་ཀྱི་ཡིན”ཞེས་ཀུང་ཝེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།