དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཐབས་མང་མཉམ་སྤྱོད་ལས་ཞུགས་བརྟན་དུ་བཏང་། ཐབས་བརྒྱ་ཇུས་སྟོང་འབབ་འཕར་ཡོང་བར་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-15

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ལས་ཞུགས་བརྟན་པོ་ཐོག་མཐའ་བར་གསུམ་དུ“བརྟན་པོ་དྲུག”གི་ཨང་དང་པོར་བཞག་ནས། ཁྲོམ་ར་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཁ་གཏད་བོད་སྐྱོར་གྱི་ལེགས་ཆར་བརྟེན་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་དང་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་སོགས་ཀྱི་གནད་དོན་གཙོ་གནད་ཐག་གཅོད་བྱས་ནས། ཐབས་མང་མཉམ་སྤྱོད་དང་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་བ་རེད།

    སྤྱི་འདོམས་ལྟ་རྟོག་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་པ།

    རྫ་ཡུལ་རྫོང་གི་2022ལོའི་མངོན་འགྱུར་བའི་གླེང་སྟེགས་དུས་ཐེངས་དང་པོར་རྫ་ཡུལ་རྫོང་མི་སྤྱི་ཅུས་ཀྱིས་བོད་ལྗོངས་ཐབས་ཤེས་བློ་འདྲི་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིའི་རྣམ་གྲངས་ཀྱི་ཅིང་ལི་བཀྲ་ཤིས་རྣམ་མཚོ་ཆེད་མངགས་གདན་དྲངས་ཏེ། རང་ངོས་ཀྱི་ལས་གཏོད་ཉམས་མྱོང་ནས་རང་གི་མཐོང་ཐོས་དྲན་རེག་བརྗོད་པ་དང་གསོན་ཉམས་དོད་ལ་ངོ་མཚར་ཆེ་བའི་ནང་དོན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ཁག་གཅིག་གི་ཡིད་དབང་བཀུག་ཡོད།

    “གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མར་ཤེས་བྱ་དང་། འཇོན་ཐང་། ངར་ཤུགས་བཅས་ཡོད་སྟབས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་ལ་བརྟེན་ནས་གྲུབ་འབྲས་འཐོབ་སྲིད་པའི་ཚོགས་སྤྱི་ཞིག་ཡིན་པས། ཚང་མས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་གསར་གཏོད་ལས་གཏོད་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པའི་རེ་བ་ཡོད” བཀྲ་ཤིས་རྣམ་མཚོའི་སེམས་རྩ་འཁོལ་བའི་སྐད་ཆ་འདི་ལས་མཐོ་སློབ་སློབ་ཐོན་སློབ་མ་ཚོར་ལྕག་སྐུལ་ཐེབས་ཏེ་འཆད་ཁྲིད་མཇུག་མ་འགྲིལ་གོང་ཚང་མས་རང་འགུལ་ངང་འབྲེལ་བ་བྱེད་སྟངས་མཉམ་སྤྱོད་བྱས་ཏེ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    མངོན་འགྱུར་བའི་གླེང་སྟེགས་ཕུད། རྫ་ཡུལ་རྫོང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ཆེན་པོ་བྱས་པ་རེད། སྐད་འཕྲིན་ཚོགས་པ་དང་། ཁ་པར། སྐད་འཕྲིན་སྤྱི་རྟགས་སོགས་ལ་བརྟེན་ནས་ལས་གནས་ཀྱི་ཆ་འཕྲིན་འོས་སྦྱོར་དང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད། རིམ་རྩིས་བྱས་ན་མཐོ་སློབ་སློབ་ཐོན་སློབ་མར་གདན་ཞུའི་ཆ་འཕྲིན་ཁག་ཐེངས་97མཁོ་འདོན་བྱས་པ་དང་། ལས་ཞུགས་ལས་གནས་3400ལྷག་ཙམ་འོས་སྦྱོར་བྱས་པ། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་ཇུས་དྲིལ་བསྒྲགས་ཐེངས་2བྱས་པ། དྲིལ་བསྒྲགས་དཔྱད་ཡིག་400ལྷག་ཙམ་སྤྲད་པ་རེད།

    ཐབས་ལམ་རྒྱ་ཆེར་བཏང་ནས། ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

    རྫ་ཡུལ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ནས་རྫོང་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་གང་ལེགས་བྱས་ཏེ། ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞི་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་པའི་གདམ་ག་གལ་ཆེན་གྱི་གྲས་ཤིག་ཏུ་མཐའ་འཁྱོངས་བརྩིས་ནས་མི་སྤྱི་ཁོངས་གཏོགས་ཀྱིས་གཞི་རིམ་དུ་དྲིལ་བསྒྲགས་བྱེད་པའི་ལེགས་ཆ་གང་ལེགས་བཏོན་ཏེ་ལས་ཞུགས་གཞན་སྒྱུར་རྟེན་གཞི་དང་འབྲེལ་བ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ་དང་། རྫོང་ཁོངས་ཀྱི་ཁེ་ལས་དང་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ལས་མི་བཀོལ་སྤྱོད་བྱེད་པོ“ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་རྟེན་གཞིར”འདུན་པ་ཞུ་བར་སྐུལ་སློང་རྒྱ་ཁྱབ་བྱས་པ་རེད།

    མིག་སྔའི་བར་རྫོང་ཡོངས་སུ་རིམ་རྩིས་བྱས་ན། ཞིང་འབྲོག་པའི་ལས་ཞུཌ་གཞན་སྒྱུར་རྟེན་གཞི་9ཞིབ་དཔྱད་གཏན་འཁེལ་བྱས་པ་ལས་རང་སྐྱོང་ལྗོངས་རིམ་པ་1དང་རྫོང་རིམ་པ་8ཡོད་པར་ཞིང་འབྲོག་པ་798ལས་ཞུགས་ཐུབ་ནས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་239.4བྱུང་ཡོད་པ་རེད།

    ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད། རྫ་ཡུལ་རྫོང་གིས་ཁ་གཏད་བོད་སྐྱོར་གྱི་ཐབས་ལམ་ལ་བརྟེན་ནས། ཧྲེན་ཀྲེན་གྲོང་ཁྱེར་གྱི་མི་སྤྱི་སྡེ་ཚན་དང་ངལ་ནུས་མཉམ་སྒྲུབ་གྲོས་མཐུན་བཞག་སྟེ་ཧྲེན་ཀྲེན་གྲོང་ཁྱེར་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་ལྟེ་གནས་སུ“བོད་ལྗོངས་རྫ་ཡུལ་གྱི་ངལ་ནུས་རོགས་ལས་ཞབས་ཞུའི་ས་ཚིགས”ཀྱི་སྒོ་བྱང་བཀལ་བ་དང་། “ཕྱིར་སྐྱོད་པའི”ལས་ཞུགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་བྱས་ནས“སྲིད་གཞུང་གིས་ཁྲིད་སྟོན་དང་། ཁ་གཏད་བོད་སྐྱོར། ངལ་ནུས་རོགས་ལས”བཅས་ཀྱི་ལས་ཞུགས་གཞན་སྒྱུར་བྱེད་སྟངས་སྤྱད་ནས། རྫ་ཡུལ་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་དང་ལས་ཞུགས་གཞན་སྒྱུར་གྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་པ་རེད།

    རྩལ་ནུས་གསོ་སྦྱོང་བྱས་ནས། ཐབས་མང་མཉམ་དུ་སྤྱད་དེ“གཅིག་རེ་བཞི”མངོན་འགྱུར་བྱས་པ།

    རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་རླམ་རྩྭ་ཕོ་སུལ་ལ་ལོ་ལེགས་བྱུང་ནས་རླམ་རྩྭ་ཕོ་སུལ་སོས་པ་སི་ར་དང་སི་ར་བྱས་ཏེ་ཁྲོམ་ར་ཆེ་གྲས་ཁག་དང་དེ་བཞིན་མི་སེར་དཀྱུས་མའི་ཁྱིམ་དུ་བསྐྱལ་ཡོད། དེ་དག་ཚང་མ་ནི་རྫ་ཡུལ་རྫོང་མི་སྤྱི་ཅུས་ཀྱིས་ཚ་བ་རོང་ཤང་མི་དམངས་སྲིད་གཞུང་དང་མཉམ་དུ་་ས་གནས་དེ་གའི་འདེབས་འཛུགས་འཇོན་ཐང་ཅན་གྱི་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ལུའུ་ཧྲུའེ་གྲོང་ཁྱེར་དུ་བསྐྱོད་ནས་སྤེལ་རེས་སློབ་སྦྱོང་བྱས་པ་དང་འབྲེལ་ས་གནས་ས་ཐོག་གི་གསོ་སྦྱོང་ལ་ཞུགས་ནས་ཡུན་ནན་གྱི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་རྩལ་ནུས་ཀྱིས་ཚྭ་བ་རོང་ཤང་གི་ཞིང་འབྲོག་མང་ཚོགས་ཚོ“རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བྱས་ནས”འབབ་འཕར་ཕྱུག་འགྱུར་གྱི་བདེ་སྐྱིད་ལྡན་པའི་ལམ་བུར་སྐྱོད་རོགས་བྱས་པ་ལས་བྱུང་བ་ཞིག་རེད།

    ཞིང་འབྲོག་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་ཆེད།

    རྫ་ཡུལ་རྫོང་གིས་གསོ་སྦྱོང་གི་ཐམས་མང་མཉམ་དུ་སྤྱད་ནས་མི་སྤྱོད་ཚན་པར་ཕྱོགས་ཏེ་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི“གཅིག་རེ་བཞིའི”འདུ་འགོད་ཁྱབ་གདལ་བཏང་ཞིང་། ཕྱོགས་ངེས་མངགས་ཐོ་རྣམ་པར་བརྟེན་ནས་གསོ་སྦྱོང་ཁག་གཅིག་བྱས་པ་དང་། ཤིན་ཏུ་དཀོན་པའི་ལས་རིགས་ལ་དམིགས་ཏེ་གནས་གཏན་འཁེལ་གྱི་གསོ་སྦྱོང་བྱས་ནས་ལས་གནས་སུ་བསྐྱོད་པ། ཞིང་འབྲོག་པས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ནས་གསོ་སྦྱོང་བྱས་རྗེས་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་རོགས་བྱས་པ། རྒྱལ་ལམ་G219ཡི་ལམ་རྒྱུད་ཀྱི་གྲོང་ཚོར“བོད་ཁྱིམ་སྤྲོ་སྐྱིད་ཁང”དང“ཏེང་པའི་སྤྲོ་སྐྱིད་ཁང”“ལྷོ་པའི་སྤྲོ་སྐྱིད་ཁང”སོགས་འཛུགས་པའི་རྩལ་ནུས་གསོ་སྦྱོང་ཁག་གཅིག་བྱས་པ་དང་། ལས་ཞོར་གསོ་སྦྱོང་བྱེད་པའི་རྣམ་པར་བརྟེན་ནས་གསོ་སྦྱོང་ཁག་གཅིག་བྱས་ཏེ་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་སྣ་ཚོགས་སུ་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱས་པ། ལས་གནས་སུ་མ་བསྐྱོད་གོང་ནས་གསོ་སྦྱོང་ཁག་གཅིག་བྱས་ཏེ་ཁེ་ལས་ཀྱིས་རང་འགུལ་ལམ་ཡང་ན་གསོ་སྦྱོང་སྒྲིག་གཞིར་བརྟེན་ནས་གསར་དུ་བསྡུས་པའི་ལས་མིར་དམིགས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ། ལས་མི་གསར་པས་ལས་མི་བཀོལ་སྤྱོད་ཚན་པའི་འཕེལ་རྒྱས་འཆར་འགོད་དང་། དེ་བཞིན་བླང་བྱ་ཞིབ་ཕྲ་མགྱོགས་མྱུར་རྒྱུས་མངའ་ལོན་པར་རོགས་རམ་བྱས་ཏེ་གསོ་སྦྱོང་སྒྲིག་གཞི་དང་མཉམ་དུ་བདེ་སྲུང་དང་མགྲོན་ཁང་གི་ཞབས་འདེགས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ། སྒོ་རྩར་སློབ་གསོ་གཏོང་བར་བསྐྱོད་ནས་གསོ་སྦྱོང་ཁག་གཅིག་བྱས་ཏེ་གསོ་སྦྱོང་སྒྲིག་གཞི་སྣ་ཚོགས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པར་སྐུལ་སློང་བྱས་ནས། མང་ཚོགས་ཀྱི་དགོས་མཁོ་དང་གྲོང་གསེབ་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ས་ཆ་དེ་རང་དང་ཐག་ཉེ་སར་འཛིན་གྲྭ་གཉེར་བ་དང་། ཁྱིམ་གྱི་སྒོ་རྩར་གསོ་སྦྱོང་བྱེད་ས་བཙུགས་པས། མང་ཚོགས་ལ་ལག་རྩལ་སྦྱོང་བར་སྟབས་བདེ་བསྐྲུན་ཡོད་ལ། ཐོན་སྐྱེད་དང་འཚོ་བར་ཡང་འཐུས་ཤོར་མ་ཕྱིན་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལས་ཞུགས་འབབ་འཕར་གྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་སྐྱོད་པར་རོགས་རམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།