ཆུ་མགྱོགས་པོ་འཐུང་མི་རུང་།
དབྱར་ཁ་གནམ་གཤིས་ཚ་བ་ཆེ་བ་དང་རྔུལ་ནག་ཡང་ཡང་དོན་པས། མི་མང་པོ་ཞིག་ལ་ཆུ་གྲང་མོ་མགྱོགས་པོ་འཐུང་བའི་གོམས་གཤིས་ཡོད། ནམ་དུས་གང་ལའང་ཆུ་འཐུང་བ་དེ་གལ་ཆེ་ཡང་ཆུ་འཐུང་དུས་མགྱོགས་དྲགས་རྒྱུ་མེད། ཐེངས་རེར་ཧའོ་ཧྲེང་100ནས་150བར་བཏུངས་ཚེ་དེ་བས་འཚམ་པོ་ཡོད་ལ། ཆུ་དྲོ་འཇམ་བཏུངས་ན་ཆུ་གྲང་མོ་འཐུང་བ་ལས་སྐོམ་པ་སེལ་སླ་བ་དང་གཟུགས་པོར་ཕན་པ་དེ་བས་ཆེ་བ་ཡོད།
མཇིང་ཚིགས་མི་འཁྱག་པ་བྱེད་དགོས།
དབྱར་ཁ་ཚ་བ་ཆེ་བའི་དུས་སུ་མི་འགའ་རེ་དྲོ་སྙོམས་འཕྲུལ་ཆས་ཡོད་སར་སྡོད་པའི་གོམས་གཤིས་ཡོད། འོན་ཀྱང་གལ་སྲིད་དེ་དང་ཐག་ཉེ་དྲགས་ཚེ། མཇིང་པའི་རྩ་འཁུམ་པ་དང་སྒལ་པ་སོགས་ན་ནས་མཇིང་ཚིགས་ཀྱི་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན། དྲོ་སྙོམས་འཕྲུལ་ཆས་དང་ཐག་ཉེ་པོ་བྱ་མི་རུང་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་26ལས་དམའ་བ་གཏོང་རྒྱུ་མེད་པ་མ་ཟད། ཡག་ཤོས་བྱུང་ན་སྟོད་ཐུང་སྲབ་མོ་གཅིག་གྱོན་ནས་བསྡད་ན་ཡག་པོ་ཡོད།
ཞར་དང་ཞོར་དུ་ཁྱིམ་ལ་གཙང་སྦྲ་བྱེད་དགོས།
ནམ་ཟླ་དྲོད་གཤེར་ལྡན་པའི་སྐབས་ནི་འབུ་ཕྲ་དང་ནད་དུག་མང་ཤོས་ཐོན་པའི་དུས་ཤིག་རེད། མི་མང་ཆེ་བས་དེ་དག་ཕྱི་ནས་བྱུང་བ་རེད་སྙམ་གྱི་ཡོད་ཀྱང་། དོན་དུ་ཐབ་ཚང་ནང་གི་ཧམ་འབུ་རྒྱག་པའི་ཟས་རོ་དང་། ཐལ་རྡུལ། མེ་ཏོག་གི་རྡུལ་སོགས་ནི་ནད་གཞི་བཟོ་བའི་རྒྱུ་རྐྱེན་གཙོ་བོ་རེད། དེར་བརྟེན། དབྱར་དུས་ཁྱིམ་ལ་ཉུང་མཐར་ཡང་ཉིན་གཉིས་ནང་གཙང་སྦྲ་ཐེངས་རེ་བྱེད་དགོས།
མིག་ལ་ཉི་དུག་མི་ཕོག་པ་བྱེད་དགོས།
དབྱར་དུས་ཉི་མའི་འོག་ཏུ་ཡུན་རིང་བསྡད་པའམ་ལས་ཀ་བྱས་ཚེ། རྒས་མགྱོགས་པ་དང་མིག་ནད་སོགས་ཀྱང་ཕོག་སྲིད། དེར་བརྟེན། གལ་སྲིད་སྔ་དྲོའི་ཆུ་ཚོད་10པ་ནས་ཕྱི་དྲོའི་ཆུ་ཚོད་4པའི་བར་ལ་ཕྱིར་དོན་ཚེ། ཞྭ་མོ་གྱོན་པ་དང་། ཉི་གདུགས་དང་མིག་ཤེལ་སོགས་བརྒྱབ་ན་མིག་ཡག་པོ་སྲུང་ཐུབ། དབྱར་དུས་འབུ་ཕྲ་དང་ནད་དུག་མང་པོ་ཡོད་པས་ལག་པའི་གཙང་སྦྲར་དེ་བས་དོ་སྣང་བྱེད་དགོས་པ་མ་ཟད། མིག་ལ་གང་བྱུང་དུ་འཕུར་འཕུར་གཏོང་རྒྱུ་མེད།
ཕོ་བ་མི་འཁྱག་པ་བྱེད་དགོས།
དབྱར་དུས་ནི་རྒྱུ་མའི་ནད་མང་ཤོས་ཐོན་པའི་དུས་ཤིག་དང་། འབུ་ཕྲ་དང་ནད་དུག་སོགས་ཀྱིས་རྐྱེན་པས་ཕོ་བ་དང་རྒྱུ་མའི་ནད་ཕོག་སླ་ཤོས་ཀྱི་དུས་ཤིག་ཀྱང་རེད། དེའི་སྐབས་མི་རྣམས་ཀྱིས་གྲང་ཚལ་དང་ལྷག་པར་དུ་ཤིང་ཏོག་གཙང་མ་མ་བཀྲུས་པར་བཟས་ན། ཕོ་རྒྱུའི་གཉན་ཚད་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ། དེར་བརྟེན། ནམ་རྒྱུན་དུ་གྲང་ཚལ་རིགས་ཉུང་ཙམ་ཟ་དགོས་པ་མ་ཟད། ཞོགས་པ་ལངས་མ་ཐག་དང་དགོང་མོ་ཉལ་ཁར་བཏུང་བྱ་གྲང་མོ་ཉུང་ཙམ་འཐུང་དགོས་པ་དང་ཁ་ལག་དུས་ཐོག་ཏུ་ཟ་དགོས་ཤིང་། གྲང་ཚལ་སོགས་ལ་སྒ་སྨུག་ཏོག་ཙམ་བརྒྱབ་ནས་བཟས་ཚེ་འབུ་ཕྲ་གསོད་པ་དང་ཕོ་བར་ཡང་ཕན་པ་ཆེན་པོ་ཡོད།