དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དུས་རབས་གསར་པའི་ཡིག་སྒྱུར་ལས་རིགས་ཀྱི་གལ་ཆེའི་རང་བཞིན་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-27

    ལོ་ཙཱ་བའི་ལས་རིགས་འདི་ཡུལ་འཛམ་གླིང་ཤར་ནས་ནུབ་དང་། དུས་གནའ་ནས་ད་བར་ཕྱི་རོལ་རིག་གནས་ལ་གཟིགས་པའི་སྐར་ཁུང་དང་། རང་རིགས་གཙུག་ལག་རྒྱ་མཚོའི་ཕ་མཐར་བགྲོད་པའི་སྡོང་གྲོགས། རྨོངས་པའི་སྨག་རུམ་བཅོམ་པའི་སྒྲོན་མེ། རང་གཞན་མཐུན་ལམ་གྱི་གསེར་ཟམ་བཅས་སུ་བཞེད་ཅིང་། དོན་ལའང་དེ་དེ་བཞིན་དུ་གནས་སོ། དེ་ཡང་གལ་པོ་ཆེན་ལ་ནན་ཏན་གྱི་དཔེ་ཇི་བཞིན་དུ། དཔྱད་རྩོམ་འདིར་དུས་རབས་གསར་པའི་ཡིག་སྒྱུར་ལས་རིགས་ཀྱི་གལ་འགངས་མདོ་ཙམ་གླེང་བར་བྱ།

    གཅིག ཡིག་སྒྱུར་ལས་རིགས་ལ་འཛིན་པའི་ཀུན་སློང་དང་ཆབ་སྲིད་ཀྱི་གོ་རྟོགས་ཀྱི་གལ་ཆེའི་རང་བཞིན།

    ལས་གང་བརྩམས་རུང་དེ་ལ་ཀུན་སློང་རྣམ་དག་གིས་འཇུག་རྒྱུ་གལ་ཆེ་གཤིས། ཡིག་སྒྱུར་ལས་རིགས་ལ་འཇུག་སྐབས་ཀྱང་གང་དེ་ལྟོ་འགྲངས་འབའ་ཞིག་དོན་དུ་གཉེར་བ་ཙམ་མ་ཡིན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་གདམས་ཇི་བཞིན་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས། མེས་རྒྱལ་དང་མི་དམངས་ལ་རང་གི་ནུས་པར་དཔག་པའི་སྲི་ཞུ་གང་ནུས་བསྒྲུབ་ཐུབ་ན་སྙམ་པའི་ཀུན་སློང་ལྡན་དགོས། སྤྱན་གྱི་གཟིགས་རྒྱ་ཡངས་པོར་བསྐྱེད་ཅིང་། ཐུགས་ཀྱི་རྟོགས་པ་མཐོན་པོར་བསྙེགས་སླད། ཆབ་སྲིད་དང་། ཁྲིམས་ལུགས། སློབ་གསོ། རིག་གནས། ཚན་རྩལ་སོགས་ཆ་འཕྲིན་ནམ་མཁའི་སྐར་ཚོགས་ལ་འགྲན་པ་དག་མི་རིགས་གཞན་གྱི་སྐད་ཡིག་ནས་རང་མི་རིགས་ཀྱི་སྐད་ཡིག་ཏུ་གདན་དྲངས་པ་ནི་མེས་པོ་དམ་པ་དྲིན་ཅན་དག་གི་བཀའ་དྲིན་འབའ་ཞིག་ཡིན་ཞིང་། མི་ལོ་སྟོང་ཕྲག་དུ་མར་རང་རིགས་ཀྱི་འཚོ་བ་ལ་ཕན་གདགས་མྱོང་བའི་སྲོལ་རྒྱུན་དང་གསར་དར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རིག་མཐའ་དག་གཞན་ལ་ངོམ་རིན་ཆོག་པ་ཞིག་ཡོད་ཀྱང་། ངོམ་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ཇི་སྐད་དུ། མི་རིགས་ཤིག་ལ་བདོག་པའི་ཤེས་རིག་ནི། འཛམ་གླིང་ལ་བདག་པའི་རིན་བྲལ་ནོར་བུ་ཞིག་ཡིན། ཞེས་གསུངས་པ་ཇི་བཞིན་མི་རིགས་གཞན་གྱི་འཚོ་བ་ལ་ཕན་འདོགས་ཤིང་། ཕན་ཚུན་ལ་མཛའ་བ་དང་བརྩེ་བའི་གསེར་ཟམ་གང་དེ་སྔར་བས་བརྟན་དུ་འགྱུར་ཕྱིར་མི་རིགས་གཞན་དག་གི་སྤྱན་ལམ་དུ་བཤམས་ཐུབ་ཚེ། སྐྱེས་པའི་མི་ལ་གྲགས་པའི་གཏམ་དང་། བྱས་པའི་ལས་ལ་མཛད་པའི་མཐའ་ཞིག་ཡོང་རྒྱུར་གདོན་མི་ཟའོ།

    གཉིས། མི་རིགས་གང་དེའི་སྐད་ཡིག་དང་རིག་གནས་གཉིས་ལ་བྱང་ཆུབ་དགོས་པའི་གལ་ཆེའི་རང་བཞིན།

    ལོ་ཙཱ་བ་ཞིག་ལ་མཚོན་ན། ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་ཆུབ་དགོས། རྒྱ་བོད་ཡིག་སྒྱུར་ལྟ་བུར་མཚོན་ན་ཡང་། སྐད་རིགས་གཉིས་ནི་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྐད་རིགས་གཉིས་ཡིན་ཞིང་། བརྡ་སྤྲོད་རིག་པའི་གཞུང་དང་སྤྱོད་སྟངས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས། སྔོན་འགྲོར་རྒྱ་བོད་སྐད་རིགས་གཉིས་ཀྱི་བརྡ་སྤྲོད་སྟངས་དང་། སྡེབ་སྦྱོར། མངོན་བརྗོད་སོགས་ལ་ངེས་པར་བྱང་ཆུབ་དགོས། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ཡིག་ལ་བྱང་ཆུབ་ན་བརྗོད་པའི་གཞིར་གྱུར་པའི་མིང་དང་ཚིག་དང་ཐ་སྙད་བཅས་ལ་ཐོགས་པ་མེད་པ་དང་། ཚིག་སྦྱོར་ངག་གི་ཕྲེང་བ་སྟར་དུ་བརྒྱུས་པའི་བརྗོད་པ་གོ་བདེ་ཞིང་ཉན་སྤྲོ་བ་ཡོང་རྒྱུར་ཐེ་ཚོམ་མེད་མོད། དེ་ལས་ལྡོག་ཚེ་བསམ་པ་དོན་ལ་མི་འཁྱོལ་བ་སྟེ། སྐད་ལུགས་མི་འདྲ་བའི་མི་རིགས་ཤིག་གི་སྐད་ཡིག་གིས་མཚོན་པའི་ནང་དོན་དང་། རྩོམ་གཤིས་སོགས་བརྡ་འཕྲིན་རྣམས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྐད་ཡིག་གཞན་ཞིག་ཏུ་མཚོན་པར་མི་ནུས་པ་དཔེར་ན། 《ས་སྐྱ་ལེགས་བཤད》ལས། “མི་གང་ཁྲིམས་ལས་གང་འདའ་བ། །རེ་ཞིག་རྒྱལ་ཡང་ཕམ་པ་ཡིན། །ཆུ་སྐྱར་ཁྲིམས་ལས་འདས་པ་ཡིས། །ས་ཀུན་ཐོབ་ཀྱང་སེང་གེས་བསད། །”ཅེས་པ་འདི་རྒྱ་ཡིག་ཏུ། “不守法纪的人,终究免不了遭殃,水鸟违法得到了陆地,最后仍被狮子杀死。”ཞེས་པར་བསྒྱུར་ཡོད། དོན་དུ་ཚིགས་བཅད་ཤོ་ལོ་ཀ་དེའི་དཔེ་ཡི་ནང་དུ་སྔོན་གྱི་རིག་བྱེད་གཏམ་རྒྱུད་དྲངས་ཡོད་ཅིང་། གཞན་འདྲེན་པའི་རྒྱན་སྤྱད་ཡོད་པ་མ་ཤེས་པར་ཡོངས་སུ་ཕྱིན་ཅི་ལོག་པར་བསྒྱུར་བ་གང་ཞིག སྡེབ་སྦྱོར་ཉམས་པའི་སྐྱོན་མངོན་གསལ་དུ་ཡོད་པ་ལྟ་བུ་དང་། ཡང་དཔེར་ན། “节哀顺变”ཞེས་པ་བོད་ཡིག་ཏུ། “བཀྲ་ཤིས་བདེ་ལེགས”ཞེས་པར་བསྒྱུར་བ་ནི། མ་ཡིག་ལ་གོ་བ་མ་ལོན་རྐྱེན། འདྲེ་ཤར་སྒོ་ན་ཡོད་ཀྱང་གླུད་ནུབ་སྒོ་རུ་བསྐྱལ་བའི་དཔེ་རུ་སོང་བ་མང་དུ་མཆིས་མོད་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས། དེ་ལྟ་བུའི་སྐྱོན་དག་གིས་མི་རིགས་གང་དེའི་ཤེས་རིག་གསེར་གྱི་སྐུ་ལུས་ལ་རྨ་ཁ་བཟོ་བའི་རྒྱུ་རུ་ཟད་པས། ནག་ཉེས་འདི་འདྲ་བ་ཆུ་བོ་གངྒའི་ནང་དུ་ལོ་བརྒྱ་ལ་འཁྲུས་སུ་བཞུགས་ཀྱང་དག་ཐབས་མེད་ན། ཇི་སྐད་དུ། ཨུ་རུ་སུའི་ལོ་ཆེན་ཧྥུ་ལེ་ཧན་ནོ་ཧྥོ(普列汉诺夫)ཡིས། “ལོ་ཙཱ་བྱེད་པར་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་ནང་བྱན་ཆུད་དགོས་པ་དང་། དེ་ནས་བསྒྱུར་བྱའི་མ་ཡིག་དང་འབྲེལ་བའི་དངོས་དོན་ལ་རྒྱུས་མངའ་ཞིབ་ཚགས་བྱེད་དགོས། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན་ལོ་ཙཱ་གནད་འཕྲོད་ཡོང་མི་ཐུབ་པ་དང་། ཀློག་པ་པོ་མུན་ལམ་དུ་འཁྲིད་ཉེན་ཡོད་པས་ན་དེ་ལས་ལོ་ཙཱ་བ་མ་བྱས་ན་དགའ”ཞེས་གསུངས་པ་བཞིན་ནོ།

    གཞན་ཡང་། མི་རིགས་གང་འདྲ་ཞིག་ཡིན་རུང་ཐུན་མོང་མ་ཡིན་པའི་འཚོ་བའི་གོམས་གཤིས་དང་། རིན་ཐང་ལྟ་བ། མཛེས་དཔྱོད་ལྟ་བ་སོགས་ལས་གྲུབ་པའི་རིག་གནས་རྒྱབ་ལྗོངས་རེ་ཡོད་གཤིས། ཡིག་སྒྱུར་ལས་ལ་གཞོལ་མཁན་སྐྱེ་བོ་གང་དེས། མི་རིགས་གང་དེའི་ཐུན་མིན་གྱི་རིག་གནས་ལ་ངེས་པར་རྒྱུས་ལོན་དགོས་ཤིང་། དེ་ལྟར་བྱུང་ན། མཁས་དབང་དགེ་ཆོས་ཀྱི《གཏམ་རྒྱུད་གསེར་ཐང》དུ། “རྗེ་བཙུན་ས་པཎ་གྱིས《རྣམ་འགྲེལ》དུ་རིག་བྱེད་འགོག་སྐབས་རྒྱ་གར་སྐད་ན‘ཁྱི་ཤ་ཟ’བྱ་བ། བོད་སྐད་དུ‘ཤ་ཟོ’བྱ་བར་བསྒྱུར”ཡོད་ཅེས་གསུངས་པ་ལྟར། ཁྱི་ཤ་ཟ་བ་རང་རེའི་འཛེམ་བྱ་ཡིན་པས་ཡུལ་གོམས་གཤིས་ལུགས་དང་མི་མཐུན་པས། ཤ་ཟོ་ཞེས་སུ་བསྒྱུར་བ་ནི་ལུགས་དང་མཐུན་པའོ། ཡང་དཔེར་ན། རྒྱ་ཡིག་གི“雨伞”ཞེས་པ་བོད་ཡིག་ཏུ“ཉི་གདུགས”བྱ་བར་བསྒྱུར་བ་ལྟ་བུ་ཡུལ་གྱི་ཁྱད་ཆོས་དང་བསྟུན་པའི་འགྱུར་དུ་འགྲོ་བ་དང་། གཞན་ཡང་རྒྱ་གར་ཡུལ་གྱི་མེ་ཏོག“ཨུཏྤལ”བྱ་བ་འདི་རང་རེའི་ཡུལ་ན་མ་མཆིས་པས། ཇི་བཞིན་དུ་བསྒྱུར་ཚེ་དོན་རྟོགས་མི་ནུས་པས་སྒྲ་རང་སོར་བཞག་པ་ལྟ་བུའི་དགེ་མཚན་བགྲང་གིས་མི་ལངས་པ་མཆིས་པ་རྣམས་ནི་འགྱུར་མ་སྤུས་དག་གི་གཙུག་རྒྱན་ལྟ་བུར་གྱུར་རོ།

    གསུམ། རྒྱ་ཆེའི་ཐོས་པ་མང་དུ་འཚོལ་བའི་གལ་ཆེའི་རང་བཞིན།

    ཇི་སྐད་དུ《ཤེས་རབ་སྡོང་བུ》ལས། “སྐྲ་དཀར་གཉེར་མ་ལྷག་དུས་སུའང་། །ཐོས་པ་གསག་པར་བྱ་བ་ཡིས། །གང་དུ་ཐོས་མང་འགྲོ་འགྱུར་བ། །དེར་ནི་ཕུང་པོར་འགྲོ་མི་གྱུར། །”ཞེས་གསུངས་པ་བཞིན། སྤྱིར་ཐོས་བསམ་བྱེད་རྒྱུ་ནི་སྐྱེ་བོ་ཚང་མ་ལ་མཁོ་བའི་མི་ཚེའི་ལམ་གྱི་རྒྱགས་ཕྱེ་ཡིན་ཞིང་། སྒྲ་བསྒྱུར་མར་པས། “ཡུལ་རྒྱ་གར་དབུས་སུ་སློབ་ལ་ཕྱིན། །ཆུ་མི་ཟན་དུག་གི་ཆུ་ལ་བརྒལ། །ལུས་དུག་སྦྲུལ་བཞིན་དུ་པགས་པ་བརྗེས། །སྲོག་འདོར་བར་ཕོད་དེ་སློབ་ལ་བསམ། །བདག་བལ་ཡུལ་གྱི་ལམ་དུ་ཞུགས་ཙ་ན། །གཅན་འཕྲང་ཆུ་ལ་བརྒལ་དུས་མེད། །ནགས་མཐུག་པོ་གཅིག་ལ་ཐོན་དུས་མེད། །ལམ་རིང་པོ་གཅིག་ལ་བགྲོད་དུས་མེད། །”ཞེས་སོགས་གསུངས་པ་ལྟར། རང་རེའི་མེས་པོ་ལྷག་བསམ་ཅན་ཚོས་ཀྱང་། སྔར་སྐུ་སྲོག་འབེན་དུ་བཙུགས། ལྟོ་གོས་གྱོང་ལ་བསྐུར། བདེ་བ་རྩྭ་ལྟར་དོར་ཏེ། སློབ་གཉེར་གྱི་ངལ་བ་མཐའ་དག་དང་དུ་བླངས་པས། ད་གཟོད་ཤེས་རིག་རིན་བྲལ་ནོར་བུ་དག་རང་ཡུལ་དུ་བསྣམས་ཐུབ་པ་བྱུང་། དེ་བས་འཇིག་རྟེན་མིག་ཏུ་འབོད་པའི་གང་ཟག་ཚོའི་དེ་ལྟ་བུའི་དྲི་མེད་གཤིས་སྤྱོད་ལ་ཁ་མིག་ཡར་ལྟ་བྱས་ཏེ། ཐོས་བསམ་གྱི་བགྱི་བར་སྐོམ་པ་ཆུ་འདོད་ལྟར་དུ་ནན་གྱིས་འཇུག་པ་ལས་ཁྲལ་སེལ་སླ་བཅོས་ཀྱི་ལྷོད་གཡེང་སྤངས་བྱའོ། ལྷག་པར་དུ་དྲ་རྒྱའི་དུས་རབས་སུ་སླེབས་པའི་དེང་གི་དུས་འདིར། ཆབ་སྲིད་དང་དཔལ་འབྱོར། དམག་དོན། སློབ་གསོ། རིག་གནས་ལ་སོགས་པའི་ཆ་འཕྲིན་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་ལྟར་ཉིན་མ་གཅིག་ལ་ཡང་ཐ་སྙད་གསར་པ་ཁྲི་ཕྲག་དུ་མ་ཐོན་འོང་བས། དང་པོར་རྒྱ་ཆེའི་ཐོས་པ་ནམ་ནམ་ཞར་ཞར་དུ་མ་བསགས་ཚེ། ཡིག་སྒྱུར་གྱི་སྦྱོར་བ་དངོས་ལ་འཇུག་སྐབས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་ལུས་རྒྱུ་ཉག་ཅིག་ཡིན་པས། ཨ་ཁུ་མི་གྲལ་དུ་ཚུད་པ་དང་། གྲོད་པ་ཤ་གྲལ་དུ་ཚུད་པ་ཙམ་གྱིས་བློ་ཡིད་མ་ཚིམས་པར། དཀའ་བ་སྟོང་དང་ངལ་བ་ཁྲི་ལ་འཕྲད་ཀྱང་ཐོས་བསམ་གྱི་བསྐལ་པ་ཏིལ་འབྲུ་ཙམ་ཡང་ཆུད་ཟོས་སུ་མི་འགྲོ་བར་བསྐུལ་འོས།

    མདོར་ན། མི་རིགས་གང་ཡིན་ཡང་དེའི་ཆབ་དཔལ་རིག་གསུམ་སོགས་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད། ལོ་ཙཱ་བས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ནུས་པ་མི་དམན་པ་ཐོན་ཏེ། རང་རེའི་བོད་ཀྱི་རིག་གནས་ཀྱང་ལོ་ཙཱ་ལ་བརྟེན་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་ནི་ཁྲ་ཆུང་མིག་གིས་བལྟས་ན་རིག་ཅིང་དར་ལུང་རྣ་བས་ཉན་ན་ཐོས་ཐུབ་པ་མངོན་སུམ་དུ་གྲུབ་བོ། དེས་ན་ལོ་ཙཱ་ནི་འདས་མ་ད་གསུམ་གང་དུ་རུང་ཡང་མི་རིགས་གང་དེའི་ཤེས་རིག་གི་གོམ་པ་ཤེད་ཀྱིས་མདུན་དུ་སྤོ་བ་ལ་དཔྲལ་པའི་མིག་དང་ཁོག་པའི་སྙིང་ལྟ་བུར་གྱུར་པས། ཐོག་མར་ལོ་ཙཱ་བའི་ངལ་བ་དང་དུ་ལེན་མཁན་བྱེད་པོ་གང་དེའི་ལོ་ཙཱའི་ལམ་ལ་ཀུན་སློང་དཀར་གསལ་ཟླ་བ་ཞིག་ངེས་པར་མཁོ་ཞིང་། ཆབ་སྲིད་ཀྱི་གོ་རྟོགས་གངས་ལ་ཉི་མ་ཤར་འདྲ་བ་ཞིག་ཀྱང་དགོས། ལྷག་ཏུ་མི་རིགས་གང་དེའི་སྐད་ཡིག་དང་རིག་གནས་ཀྱི་གོ་ཆ་བཙན་པོས་སྤྲས་གྱུར་ན། གཡང་རྩེའི་སྒང་ལ་ཡས་སྒྲོན་དང་གོས་ཆེན་སྒང་ལ་ཕར་ཆིན་གྱི་དཔེ་བཞིན་ནོ། །

    (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཟླ་བ་སྒྲོལ་མ། ལྷ་ས་པེ་ཅིང་སློབ་འབྲིང་། ཚེ་རིང་སྟོབས་རྒྱལ)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།