འདི་ལོའི་ལོ་འགོར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གིས་ཕྲུ་གུ་འཁོར་ནས་གཟའ་འཁོར་29ལས་ཕྱིན་མེད་པའི་སྔ་ཤོར་ཐེབས་ལ་ཉེ་བའི་སྦྲུམ་མ་ཆོས་སྒྲོན་ལ་སྨན་བཅོས་བྱས་པ་རེད། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། ཁོ་མོ་ནི་ཤ་མ་སྔ་ཤོར་ཐེབས་པ་ཡིན་པ་ཤེས་པས་གནས་ཚུལ་ཧ་ཅང་ཚབས་ཆེན་པོ་ཡོད།
ཧུའུ་པེའི་བོད་སྐྱོར་ཚོགས་པའི་བུད་མེད་དང་བུ་བཙའི་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་སྨན་དོན་མི་སྣའི་ཐུན་མོང་འབད་བརྩོན་འོག མཐར་ཆོས་སྒྲོན་ལ་ཕྲུ་གུ་བུ་ཞིག་སྐྱེས་པ་རེད། འོན་ཀྱང་ཕྲུ་གུ་དམར་འབྱར་གྱི་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་1.2ཙམ་ལས་མེད་ཅིང་། སྐྱེ་སྐབས་ངུ་སྐད་མེད་པ་དང་། དབུགས་མི་གཏོང་བ། སྙིང་ཁ་གཡུག་ཤུགས་ཆུང་བ་བཅས་ཚེ་སྲོག་གི་རྟགས་མཚན་བརྟན་པོ་གཅིག་ཀྱང་མེད།
“གནས་ཚུལ་ཛ་དྲག་པོ་ཡོད་པས་ནང་མིར་ལབ་པ་དང་འབྲེལ། ཁོ་ཚོའི་མོས་མཐུན་ཐོབ་རྗེས། ང་ཚོས་འཕྲལ་མར་ཕྲུ་གུ་དམར་འབྱར་ནད་ལྕི་ལྟ་སྐྱོང་ཁང་དུ་བསྐྱལ་ནས་གློ་སྙིང་སླར་སོས་དང་། དབུགས་ཆས་ཀྱིས་དབུགས་གཏོང་རོགས་བྱེད་པ། གློ་བའི་ཕྱི་ངོས་ཀྱི་སྐྱེན་གཤིས་དངོས་པོ་བཀོལ་སྤྱོད་སོགས་ཛ་དྲག་སྐྱོབ་བཅོས་བྱས་པ་ཡིན”ཞེས་ཧུའུ་པེའི་བོད་སྐྱོར་སྨན་པ་དང་ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་བྱིས་པའི་ཚན་ཁག་གི་ཀྲུའུ་རེན་ཝང་ཧྲོའུ་དབྱི་ཡིས་ཕྱིར་དྲན་བྱེད་བཞིན་བཤད།
ཉིན་མཚན་47རིང་གི་ཆེད་ལས་སྨན་བཅོས་དང་ནད་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད། ཕྲུ་གུ་དམར་འབྱར་ཉེན་ཁའི་དུས་ལས་རིམ་བཞིན་བསྒྲལ་བ་དང་དམིགས་ཚད་ཁག་རིམ་བཞིན་སླར་གསོ་བྱུང་ནས་ལྗིད་ཚད་སྤྱི་རྒྱ་2.2བར་ལྗིད་དུ་ཕྱིན་ཡོད་པ་རེད།
ད་ཆ་ཕྲུ་གུའི་བརྟག་དཔྱད་དམིགས་ཚད་ཁག་བསྐྱར་ཞིབ་བྱེད་སྐབས་ཚང་མ་ཚད་ལོན་པས་ཆོས་སྒྲོན་གྱི་སེམས་པ་གཞི་ནས་ལྷོད་ལ་བབས། “བོད་སྐྱོར་སྨན་པས་བག་ཆགས་བཟང་པོ་ཞིག་བཞག་བྱུང་། ད་ལྟ་ཕྲུ་གུའི་གཟུགས་གཞི་ཐང་དུ་ཕྱིན་འདུག ཁོང་རྣམ་པས་ང་ལ་ཨ་མ་བྱེད་པའི་གོ་སྐབས་ཤིག་བསྩལ་བར་ཐུགས་རྗེ་ཆེ་ཞུ”ཞེས་ཆོས་སྒྲོན་གྱིས་མིག་ཟུང་མཆི་མས་བརླན་བཞིན་བཤད།
སྐྱེ་ཟླ་མ་ཤར་གོང་ནས་སྐྱེས་པའི་ཕྲུ་གུ་སྐྱོབ་བཅོས་བྱས་པའི་གནས་ཚུལ་དེས་ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གིས་ལྗིད་ཚད་ཡང་བའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལེགས་གྲུབ་བྱུང་བའི་ཟིན་ཐོ་གསར་པ་བཏོད་ཅིང་། དེ་ལྟ་བུའི་ཟིན་ཐོ་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་བཏོད་དང་གཏོད་མུས་རེད།
2015ལོར། ཏང་ཀྲུང་དབྱང་གིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལག་ལེན་བསྟར་ནས། སྔར་སོང་གི་སྨན་བཅོས་བོད་སྐྱོར་དུས་ཐུང་ཁ་ཐོར་གྱི་རྣམ་པར་འགྱུར་ལྡོག་བཏང་ཡོད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་7གྱི་སྨན་ཁང་65དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐད་གཏོགས་སྨན་ཁང་ནས་རྐང་འཛིན་སྨན་པ་ཆིག་སྟོང་ལྷག་ཙམ་མངགས་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སོགས་སྨན་ཁང་8ལ“རིམ་གསུམ་སྨན་ཁང”སྐྲུན་རོགས་བྱས་པས་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བྱུང་ཡོད།
ལོ་བདུན་རིང་། མེས་རྒྱལ་གྱི་ས་གནས་ཁག་ནས་སླེབས་པའི་ཁག་ཐེངས་7གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་1300ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་བོད་དུ་སླེབས་ནས། བྱམས་སེམས་དང་ལག་རྩལ་ལ་བརྟེན་ནས་གངས་ལྗོངས་ས་མཐོར་ནད་བཅོས་སྲོག་སྐྱོབ་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བརྩམས་ཡོད།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་མཁན་པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་སྨན་པ་ཝང་ཝུའེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ལོ་9ལ་སླེབས་པའི་བུ་མོ་ཨ་སྐྱིད་ཀྱི་ལྟོ་བའི་ནང་སྐྱིའི་འོག་གི་སྐྲན་ཆེན་པོ་ལེགས་གྲུབ་ལྡན་པའི་ངང་བཀོག་པས། བོད་བྱང་ཐང་འབྲོག་ཁུལ་ནས་སླེབས་པའི་དུད་ཚང་དབུལ་པོའི་གྲོང་མི་དེར་ལྗོངས་ཕྱིའི་སྨན་ཁང་དུ་བསྒྱུར་ནས་སྨན་བཅོས་བྱེད་པའི་འགྲོ་སོང་མཐོ་པོ་གྲོན་ཆུང་ཐུབ་སྟེ“ནད་ཆེན་བོད་ནས་བཅོས”ཐུབ་ཡོད།
ཀྲུང་གོ་རྡོ་སྣུམ་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པ་ཧོ་ཀྲི་ཕིང་གིས་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་སྲོག་ཉེན་ལ་ཐུག་པའི་ཆོས་བདེར་བུ་བཙའི་གཤགས་བཅོས་བྱས་རྗེས་མ་བུ་གཉིས་ཀར་བར་ཆད་བྱུང་མེད་པ་དང་ཆོས་བདེ་བཟའ་ཚོར་སེམས་འགུལ་ཆེན་པོ་ཐེབས། མི་སེམས་འགུལ་བའི་གཏམ་རྒྱུད་དེ་བོད་བྱང་ཐང་ཀུན་ཏུ་ཁྱབ་ཡོད།
2021ལོའི་ལོ་མཇུག་བར། བོད་དུ“ནད་ཆེན”400ལྷག་ཙམ་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། “ནད་འབྲིང”2400ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ། རྒྱུན་མཐོང་ནད་དང་ཐོན་སླ་བའི་ནད་རྫོང་དང་ཆུས་ནས་བཅོས་ཐུབ་ནས། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་2015ལོའི་ལོ་68.2ནས་ལོ་72.19བར་རིང་དུ་ཕྱིན་ཡོད་པ་རེད།
“སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་ལས་དོན་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྔར་ན་མེད་པའི་ཕན་པ་དངོས་ཐོབ་ཡོད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་སྔོན་ཐོན་ལག་རྩལ་དང་དོ་དམ་འདུ་ཤེས་ཀྱིས་བོད་ཀྱི་ས་གནས་དེ་གའི་སྨན་བཅོས་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་གསབ་པ་མ་ཟད། དེ་བས་ས་གནས་དེ་གར‘གནས་ཐུབ་པའི’སྨན་བཅོས་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད” ཅེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་བཤད།
སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཐད་ད་དུང“ཚོགས་པས་ཚོགས་པ་འཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་འཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”བཅས་ཀྱི་བྱེད་སྟངས་སྤྱད་དེ། ཆེད་ལས་ལག་རྩལ་མི་སྣ་གཅིག་སྡུད་བོད་དུ་མངགས་ཏེ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་པ་བརྒྱུད། ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་བོད་ཀྱི་སྨན་བཅོས་ཀྱི་ཞན་ཆ་ཟམ་མི་ཆད་པར་སེལ་བ་དང་ས་མཐོའི་མང་ཚོགས་ལ་སྨན་བཅོས་ཐོན་ཁུངས་དེ་བས་སྤུས་ལེགས་སྤྱོད་ཐུབ་ཡོད།
“མིག་སྔར། བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་རམ་འོག བོད་ཀྱིས་རིམ་པ་མི་འདྲ་བའི་སྨན་བཅོས་རྐང་འཛིན་པ་2400ལྷག་ཙམ་གནད་སྨིན་གསོ་སྐྱོང་བྱས་པས། ས་གནས་དེ་གའི་སྨན་པ་འབོར་ཆེན་ཞིག་འཚར་ལོངས་མྱུར་པོ་བྱུང་ནས་སྨན་ཁང་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། ‘ཚོགས་སྒྲིག་རྣམ་པའི’སྨན་བཅོས་བོད་སྐྱོར་གྱིས་ས་མཐོའི་སྨན་བཅོས་ཀྱི་རྣམ་པ་གསར་པ་བཏོད་ཡོད” ཅེས་སྐལ་བཟང་གཡུ་སྒྲོན་གྱིས་བཤད།