བོད་རང་སྐྱོང་ལྗོངས་སྨན་ཁང་ནི་2018ལོའི་ཟླ་7པར་ཙུང་ལི་ལི་ཁེ་ཆང་གིས་བོད་དུ་རྟོག་ཞིབ་གནང་སྐབས་འཛུགས་སྐྲུན་གཏན་འཁེལ་གནང་བའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཞིག་ཡིན་ཞིང་། བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི“དམངས་འཚོའི་འདུ་འགོད་ཆེ་གྲས་གསུམ”གྱི་གྲས་ཤིག་རེད།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྨན་ཁང་གི་ལས་ཡུལ་ནས་ཤེས་རྟོགས་བྱས་པར། རྣམ་གྲངས་དེའི་85%ལེགས་གྲུབ་ཟིན་ཡོད་པ་དང་། སྔོན་དཔག་ལྟར་ན་ལོ་མཇུག་ཏུ་བསྐྲུན་ཟིན་རྒྱུ་རེད་འདུག
བོད་རང་སྐྱོང་ལྗོངས་སྨན་ཁང་ནི་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་སྒང་བདེ་གླིང་གྲོང་ཚོར་སྐྲུན་བཞིན་ཡོད་པ་དང་། རྒྱ་ཁྱོན་ལ་མུའུ་300ཡོད་པ་དང་། དུས་ཐེངས་དང་པོར་ནད་ཁྲི་1000བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། གཙོ་བོ་སྒོ་བསྟེན་ཐོག་ཁང་དང་། སྨན་རྩལ་ཐོག་ཁང་། ནད་སྡོད་ཐོག་ཁང་སོགས་བསྐྲུན་རྒྱུ་རེད་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁང་པའི་ནང་གི་མཛེས་བཟོ་དང་འཕྲུལ་ཆས་སྒར་བ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ཟླ་6པའི་ཟླ་འགོར་ཁང་པའི་ཕྱི་རོལ་གྱི་སྔོ་འགྱུར་ལས་འགོ་འཛུགས་རྒྱུ་ཡིན་པ་དང་། རྣམ་གྲངས་ཡོངས་འདི་ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་རྩིས་སྤྲོད་རྒྱུ་རེད་འདུག