དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མ་བསྐུལ་དང་དུ་བླངས། རིམས་འགོག་ལས་ལ་ཞུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-26

    ཉིན་ཤས་བསྟུད་མར་རེས་སྐོར་འདིའི་རིམས་ནད་ཧྲང་ཧའེ་ཡི་སྤྱི་ཚོགས་ངོས་ནས་གཙང་སེལ་བྱ་ཆེད། རྒྱལ་ཡོངས་ས་ཆ་ཁག་ནས་ཡོང་བའི་ཧྲང་ཧའེ་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་མི་སྣ་གཅིག་རྗེས་གཉིས་མཐུད་ངང་ཧྲང་ཧའེ་རུ་འབྱོར་ནས་ཡུལ་དེའི་སྨན་བཅོས་མི་སྣ་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་བརྩོན་བྱས་ཏེ། སེམས་ནུས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱེད་བཞིན་ཡོད་པ་རེད།

    རེས་སྐོར་འདིའི་རིམས་ནད་མདུན་དུ་ཧྲང་ཧའེ་གློ་ནད་ཚན་ཁག་སྨན་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་2021ལོའི་ཁག་གསུམ་པའི་དུས་ཐེངས་3པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་སློབ་མ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་གློ་ནད་ཚན་ཁག་དང་པོའི་ཀྲུའུ་རེན་སྨན་པ་གཞོན་པ་ལུའོ་ཆའོ་ཞ་ཡིས་འགྱུར་མེད་ཀྱི་གདམ་ག་བྱས་ཏེ་རིམས་འགོག་འཐབ་ཕྱོགས་དང་པོར་མ་བསྐུལ་དང་བླངས་ངང་བསྐྱོད།

    2021ལོར་བོད་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་ཤེས་ལྡན་པ་ཡིན་པའི་ལུའོ་ཆའོ་ཞ་ཧྲང་ཧའེ་རུ་གསོ་སྐྱོང་བྱེད་པར་མངགས།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཆེ་བའི་སྐབས་སུ་ལུའོ་ཆའོ་ཞ་ཡིས་གསོ་སྐྱོང་བྱ་ཡུལ་ཚན་པར་དམག་འཐབ་ཞུ་ཡིག་ཐེངས་གསུམ་སྔ་རྗེས་སུ་ཕུལ་བ་རེད། “ངས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས་ཧྲང་ཧའེ་ཡི་རིམས་འགོག་དམག་འཐབ་ལ་ཞུགས་རྒྱུའི་རེ་འདུན་དྲག་པོ་ཞུ་རྒྱུ་དང་བཀོད་འདོམས་ལ་ཉན་པ་དང་བཀོད་སྒྲིག་དང་ལེན་ཞུ་རྒྱུ་ཡིན”ཞེས་དམག་འཐབ་ཞུ་ཡིག་གི་བབ་ཆགས་པའི་སྐད་ཆ་ལས་ཁོང་གི་སེམས་ཤུགས་ཆེན་པོ་མངོན།

    2022ལོའི་ཟླ་4ཚེས་13ཉིན། ཧྲང་ཧའེ་གློ་ནད་ཚན་ཁག་སྨན་ཁང་གིས་ལུའོ་ཆའོ་ཞ་ཡི་དམག་འཐབ་ཞུ་ཡིག་གི་རེ་བ་བསྐངས་པ་དང་དུས་མཚུངས། ལུའོ་ཆའོ་ཞ་ལ་མགྱོགས་མྱུར་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་གུང་གཞོན་130པའི་དུས་ཐེངས་གཉིས་པའི་སྒྲོམ་ཚང་སྨན་ཁང་དུ་ལས་དོན་སྒྲུབ་པར་སྐྱོད་དགོས་པའི་ཛ་དྲག་བརྡ་ཐོ་འབྱོར།

    ཁ་ཚ་དགོས་གཏུགས་ཀྱི་ལས་འགན་འཕྲད་སྐབས་ལུའོ་ཆའོ་ཞ་ནང་མིར་ཡང་སྐད་ཆ་ཤོད་ཁོམ་མ་བྱུང་བར་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ལས་གནས་སུ་བསྐྱོད།

    སྒྲོམ་ཚང་སྨན་ཁང་དུ་ལུའོ་ཆའོ་ཞ་ཡིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་སྨན་ཁང་དུ་ཡོང་བའི་ཆོག་འཐུས་དང་། ནད་པ་སྨན་ཁང་དུ་སླེབས་རྗེས་ཀྱི་དོ་དམ་ཇུས་གཞི(ནད་པར་ལྟ་ཞིབ་དང་། སེམས་ཁམས་སློབ་གསོ། བདེ་ཐང་སློབ་གསོ། བདེ་ཐང་ལྟ་ཞིབ)ནད་པ་སྨན་ཁང་སྒྱུར་བའི་དོ་དམ་བཅས་དང་། དེ་བཞིན་སྨན་ཁང་ནས་དོན་རྗེས་སྡེ་ཁུལ་དང་འབྲེལ་མཐུད་བྱེད་པའི་འབྲེལ་ཡོད་ལས་རིམ་བློ་རྩེ་གཅིག་སྒྲིམ་ངང་སྦྱངས་ནས་ཁོང་དུ་ཆུད་པ་དང་འབྲེལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྨན་བཅོས་དོ་དམ་སོགས་འབྲེལ་ཡོད་གྲངས་གཞི་གོང་འབུལ་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་བཞིན་ཡོད།

    ལས་རེས་གྲུབ་ཟིན་པ་དང་འགོག་སྲུང་གྱོན་གོས་ཕུད་རྗེས་ལུའོ་ཆའོ་ཞ་ཡིས་དབུགས་རིང་ཞིག་བཏང་ནས་སེམས་ལྷོད་ལ་བབས་རྗེས་ནང་མི་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། གསོ་སྐྱོང་བྱ་ཡུལ་ཚན་པར་བདེ་ཐང་གནས་ཚུལ་སྙན་སེང་ཞུ་གི་ཡོད།

    ངལ་ཕྲན་བུ་གསོས་རྗེས་ལུའོ་ཆའོ་ཞ་ཡིས་འགོག་སྲུང་གྱོན་གོས་གྱོན་ནས་སླར་ཡང་ལས་ཀར་ཞུགས།

    འཐབ་ཕྱོགས་དང་པོའི་རིམས་འགོག་ལས་དོན་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་ལུའོ་ཆའོ་ཞ་ཡིས་ཀྱང་རེས་སྐོར་འདིའི་རིམས་ནད་སྐོར་གྱི་གནས་ཚུལ་གཞན་དག་ལ་སེམས་ཁུར་བྱེད་ཅིང་། ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་གུང་གཞོན་130པའི་དུས་ཐེངས་གཉིས་པའི་སྒྲོམ་ཚང་སྨན་ཁང་དུ་སྨན་སྤྱོད་འགོག་སྲུང་ཁ་རས་ཁ་ཐང་པོ་ཡོད་པ་ཤེས་རྗེས། ལུའོ་ཆའོ་ཞ་ཡིས་མངགས་གཏོང་ཚན་པ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་འབྲེལ་གཏུག་བྱས་ཏེ་རོགས་སྐྱོར་བརྩོན་ལེན་བྱས། རང་སྐྱོང་ལྗོངས་སྲིད་གཞུང་གི་མཐོང་ཆེན་འོག་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་གུང་གཞོན་130པའི་དུས་ཐེངས་གཉིས་པའི་སྒྲོམ་ཚང་སྨན་ཁང་ལ“བོད་ཀྱི་འཕྲོད་བསྟེན་གྱིས་ཧྲང་ཧའེ་ལ་རོགས་སྐྱོར་བྱེད”ཅེས་འཁོད་པའི་སྨན་སྤྱོད་འགོག་སྲུང་ཁ་རས་ཁྲི་1.2འབྱོར་བ་རེད།

    “ལས་ཀར་དཀའ་ངལ་ཇི་ལྟར་ཆེའང་ངས་ནུས་ཤུགས་ཡོད་རྒུས་ནད་པ་རེ་རེ་བཞིན་སྐྱོབ་བཅོས་བྱས་ཏེ་སྨན་དོན་མི་སྣའི་འགན་འཁྲི་ཡག་པོ་ཁུར་ནས་ཧྲང་ཧའེ་ཡི་རིམས་འགོག་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ལུའོ་ཆའོ་ཞ་ཡིས་བློ་རྩ་བརྟན་པོས་བཤད།

    ལུའོ་ཆའོ་ཞ་ཡིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་སྨན་དོན་པའི་བསམ་པའི་ཉམས་འགྱུར་དང་། ལས་ཀའི་སྤྱོད་ཚུལ། སྙིང་སྟོབས་ཀྱི་རང་གཤིས་བཅས་མངོན་པ་དང་། དུས་རབས་གསར་པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་སློབ་མ་ཞིག་གི་ཆབ་སྲིད་ཀྱི་བྱང་ཚད་མཐོ་པོ་དང་བྱམས་སྙིང་རྗེ་དང་སྒེར་སེམས་མེད་པའི་བླ་མེད་གཤིས་རྒྱུད་མངོན་པ། བོད་ཀྱི་ཏང་ཡོན་དཀྱུས་མ་ཞིག་གི་ལེགས་སྐྱེས་འབུལ་ལ་སྤྲོ་བའི་སྙིང་སྟོབས་དང་འགན་འཁུར་གྱི་རང་གཤིས་མངོན་པ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།