དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚང་མས་དོ་ཁུར་བྱེད་པའི་རིམས་ནད་སྐོར་གྱི་གནས་ཚུལ་ལ་ལན་བརྒྱབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-04-17

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས་བརྒྱུད་འབྲེལ་བྱུང་མཁན་འཚོལ་བའི་བརྡ་ཐོ་ཞིག་བཏང་བར་སྤྱི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེས་ན་གསར་འགོད་པས་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་གཞུང་ལས་ཁང་ལ་འབྲེལ་བ་བྱས་ནས་ཚང་མས་དོ་ཁུར་བྱེད་པའི་འབྲེལ་ཡོད་གནས་ཚུལ་ལ་བཅར་འདྲི་བྱས་པ་ཡིན།  

    གསར་འགོད་པས་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་4ཚེས་13ཉིན་གྱི་ཆུ་ཚོད་21ལ་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ལ་ཁྲུང་ཆིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་གཞོགས་འདེགས་ཞིབ་བཤེར་ཡི་གེ་འབྱོར་ནས་ཟླ་4ཚེས་10ཉིན་ཧང་ཀྲོའུ་ནས་ལྷ་སར་འཕུར་བའི་3U3179དུས་གཏན་གནམ་གྲུའི་ནང་གི་འགྲུལ་པ་1ཁྲུང་ཆིང་དུ་བབས་པ་དང་། ཟླ་4ཚེས་13ཉིན་ཁྲུང་ཆིང་ཏ་ཙུའུ་ཆུས་སུ་ཉིང་སྐྱུར་བརྟག་དཔྱད་བྱས་པ་བརྒྱུད། ནད་རྟགས་མེད་པའི་ནད་དཔེར་གཏན་འཁེལ་བྱུང་ཡོད། 3U3179དུས་གཏན་གནམ་གྲུར་བསྡད་ནས་འབྲེལ་ཐུག་དམ་ཟབ་བྱུང་མཁན་15ཟླ་4ཚེས་10ཉིན་གྱི་ཆུ་ཚོད་15ཙམ་ལ་རང་ལྗོངས་སུ་འབྱོར་བ་གསལ་བཤད་བྱས་ཡོད།  

    ཁྲུང་ཆིང་གྲོང་ཁྱེར་གྱི་གཞོགས་འདེགས་ཞིབ་བཤེར་ཡི་གེ་འབྱོར་རྗེས། འབྲེལ་ཡོད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་གྱིས་འབྲེལ་ཐུག་དམ་ཟབ་བྱུང་མཁན་15ལ་འཕྲལ་མར་གྲལ་བཤེར་བྱས་པ་དང་། ད་ལྟ་གཅིག་སྡུད་ལོགས་འཇོག་ལྟ་ཞིབ་བྱེད་བཞིན་ཡོད། (དེའི་ནང་ལྷ་ས་གྲོང་ཁྱེར་དུ་མི་14ཡོད་པར་ཉིང་ཁྲི་གྲོང་ཁྱེར་ནས་ལྷ་སར་ལོག་མཁན་2དང་ཉིང་ཁྲི་གྲོང་ཁྱེར་དུ་1ཡོད་པ་ཚུད་ཡོད)འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་གྱིས་གྲལ་བཤེར་ནན་ཏན་བྱས་པ་བརྒྱུད། ཁྱོན་བརྒྱུད་འབྲེལ་བྱུང་མཁན་406གྲལ་བཤེར་ཐུབ་པ་དེ་དག་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་དོ་དམ་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱད་ཡོད། འབྲེལ་ཐུག་དམ་ཟབ་བྱུང་མཁན་15དང་བརྒྱུད་འབྲེལ་བྱུང་མཁན་406ལ་ཉིང་སྐྱུར་བརྟག་དཔྱད་དང་པོ་བྱས་པ་ཚང་མ་སྲིབས་གཤིས་ཡིན་པ་རེད།  

    རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་གཞུང་ལས་ཁང་གིས་དྲན་སྐུལ་བྱས་དོན། དེང་སྐབས་གོ་ལ་ཧྲིལ་པོར་རིམས་ནད་རྒྱུན་མཐུད་ཐོན་པ་དང་། རྒྱལ་ནང་གི་ས་ཆ་མང་པོར་རིམས་ནད་མཆེད་པ། ས་ཆ་ཁག་གཅིག་ཏུ་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་པས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཅིང་རྙོག་འཛིང་ཆེ་བ་དང་གནོན་ཤུགས་ཀྱང་ཆེ་རུ་སོང་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ནས་ཉིན་14ཡི་ནང་ཚུན་དུ་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་དང་ནད་རྟགས་མེད་པའི་ནད་དཔེ་ཐོན་པའི་རྫོང(ཆུས)དུ་གཏན་ནས་འགྲོ་རྒྱུ་མེད། བོད་དུ་ཡོང་མཁན(ལོག་མཁན)ཚོས་སྔོན་ལ་ཐོ་འགོད་སྙན་སེང་ཡག་པོ་ཞུས་ནས་ཉིན་14ཡི་རིང་གི་འགྲུལ་བཞུད་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུས་ཏེ། ཚ་བ་ལྟ་བ་དང་། བཤེར་རྟགས་སྟོན་པ། ཁ་རས་རྒྱག་པ། ཉིང་སྐྱུར་བརྟག་དཔྱད་བྱེད་པ། རང་ངོས་ཀྱི་བདེ་ཐང་ལ་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། གལ་ཏེ་ཚ་བ་རྒྱས་པ་དང་། སྐམ་གློ་རྒྱག་པ། ཤུགས་མེད་པ། མིད་པ་ན་བ། ཟུག་གཟེར་རྒྱག་པ། གྲོད་པ་བཤལ་བ། དྲི་ཚོར་དང་རོ་ཚོར་ཉམས་པ། གློ་རྒྱག་པ་སོགས་གཟུགས་པོ་མི་བདེ་བའི་ནད་རྟགས་ཐོན་ཚེ། དུས་ཐོག་ཏུ་དམིགས་བཙུགས་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས་པ་དང་། དེའི་རིང་སྤྱི་པའི་འགྲིམ་འགྲུལ་འཕྲུལ་ཆས་ལ་སྡོད་རྒྱུ་མེད་པ་དང་འབྲེལ་ཡོད་ཀྱི་འགྲུལ་བཞུད་གནས་ཚུལ་དང་འབྲེལ་ཐུག་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས། གལ་སྲིད་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སོགས་རིམས་འགོག་སྡེ་ཚན་གྱི་གྲལ་བཤེར་ཁ་པར་འབྱོར་ཚེ། ཡིན་མིན་ཞིབ་དཔྱད་གསལ་པོ་བྱས་རྗེས་འབྲེལ་ཡོད་ཀྱི་སྐོང་འཐེན་དང་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།