ད་ལྟའི་དུས་ལ་གནམ་གཤིས་འགྱུར་ལྡོག་ཆེ་ཞིང་། གཟུགས་པོའི་ཡན་ལག་མང་དག་ཅིག་འཁྱགས་སླ་པོ་ཡོད་པས། གྱོན་གོས་ལམ་སེང་སྲབ་ཏུ་གཏོང་མི་རུང་། ད་བྱས་ན། དཔྱིད་ཀར་གཟུགས་པོའི་ཡན་ལག་གང་དག་ལ་དྲོད་ཇུས་ཡག་པོ་བྱེད་དགོས་ཤེ་ན།
གཅིག མགོ་བོ། ཀྲུང་ལུགས་གསོ་རིག་ནང་། མགོ་བོ་ནི་ལུས་པོ་ཡོངས་ཀྱི་བཀོད་འདོམས་པ་ལྟ་བུ་ཡིན་པས། གལ་ཏེ་མགོ་བོ་འཁྱགས་ན་ཕོ་རླུང་མགོ་བོ་ནས་ཤོར་ཏེ། ཆམ་པ་ཕོག་པ་དང་། མགོ་བོ་ན་བ། སོ་ན་བ། སྣའི་གཉན་ཚད་སོགས་ཀྱི་ནད་རིགས་སྣ་ཚོགས་སློང་སྲིད་པས། རྣམ་ཀུན་ནས་མགོ་བོ་མི་འཁྱགས་པ་བྱེད་དགོས།
གཉིས། མཇིང་པ། མཇིང་པ་འཁྱགས་ཚེ་ཁྲག་རྩ་འཁུམ་སླ་བས། ཀླད་པར་ཁྲག་འཁོར་རྒྱུག་ཡག་པོ་ཐུབ་མི་སྲིད་ལ། གཟའ་ནད་འབྱུང་བའི་ཉེན་ཁའང་ཆེ་རུ་འགྲོ་ཡི་ཡོད། ཡག་ཤོས་བྱུང་ན་ཕྱིར་འགྲོ་སྐབས་མཇིང་པར་དྲོད་ཇུས་བྱེད་དགོས།
གསུམ། སྐེད་པ། གལ་ཏེ་མཁལ་མའི་ཕོ་རླུང་ཉམས་ན་སྐེད་པ་ན་བ་དང་། གཅིན་ཟགས་པ། རིག་པ་ཉབ་ཉོབ་ཏུ་འགྱུར་བ། ལུས་པོར་ངལ་དུབ་སྐྱེ་བ་སོགས་ཀྱི་ནད་རྟགས་སྣ་ཚོགས་ཐོན་སྲིད་ལ། གློ་ཡུའི་ཡན་ལག་ནད་དང་དབུགས་འཚང་ནད་སོགས་ཕོག་མྱོང་མཁན་གྱི་ནད་རྙིང་སླར་ཡང་ཐོན་སྲིད། དེར་བརྟེན་ད་ལྟའི་དུས་སུ་སྐེད་པར་དྲོད་ཇུས་ཡག་པོ་བྱེད་དགོས།
བཞི། གྲོད་ཁོག གྲོད་ཁོག་ལ་ཁྲག་རྩ་མང་པོ་ཡོད་པས་འཁྱགས་སླ་པོ་ཡོད། གལ་སྲིད་གྲོད་ཁོག་འཁྱགས་ཚེ། ཁོག་པ་འཁྲོག་པ་དང་བཤལ་སྲིད། དེས་ན་དཔྱིད་ཀར་གྲོད་ཁོག་ལ་དྲོད་སྲུང་ཡག་པོ་བྱེད་དགོས་ལ། དགོང་མོ་གཉིད་ཉལ་སྐབས་མལ་ཆས་ཡག་པོ་འགེབ་དགོས་པ་དང་། ལྷག་པར་དུ་ལྟེ་བ་འཁྱགས་སུ་འཇུག་མི་རུང་།
ལྔ། པུས་མོ། པུས་མོ་འཁྱགས་ན་པུས་ཚིགས་མཐའ་འཁོར་གྱི་ཤ་གནད་དང་ཁྲག་རྩ་འཁུམས་ཏེ། པུས་ཚིགས་ན་སྲིད། རུས་ཚིགས་ནད་ཕོག་མྱོང་མཁན་རྒན་འཁོགས་ལ་ནད་རྙིང་སླར་ཡང་ཐོན་ཏེ་ནད་རིགས་ཇེ་སྡུག་ཏུ་འགྲོ་ཉེན་ཆེ། དེར་བརྟེན་རྒན་རྒོན་ཚོས་པུས་ཚིགས་ཡག་པོ་སྲུང་དགོས།
དྲུག རྐང་ངར། གྲང་ངར་ཆེ་བའི་སྐབས་སུ་མི་ཁ་ཤས་ཤིག་ལ་མགོ་བོའི་གཞོགས་གཅིག་ན་བ་དང་། སྐྱུགས་མེར་ལངས་པ། མིག་ན་བ་སོགས་ཀྱི་ནད་རྟགས་སྣ་ཚོགས་ཐོན་གྱི་ཡོད། དེ་ནི་གཙོ་བོ་མཆིན་རླུང་ཉམས་པ་ལས་ཐོན་པ་ཞིག་རེད། དཔྱིད་ཀའི་དུས་སུ། མི་རྣམས་ཀྱིས་རྐང་ངར་ལ་དྲོད་ཇུས་བྱས་ཏེ་རླུང་སེལ་གཟེར་འཇོམས་བྱེད་དགོས།
བདུན། རྐང་པ། རྐང་མཐིལ་སྙིང་དང་ཐག་རིང་བས། གལ་ཏེ་དུས་ཡུན་རིང་པོར་གྲང་ངར་གྱིས་གཙེས་ན། ཁྲག་འཁོར་རྒྱུག་ལ་གནོད་པ་དང་། ནད་འགོག་ནུས་པ་ཇེ་ཞན་དུ་སོང་སྟེ། ཆམ་པ་ཕོག་སླ་བ་དང་ཡང་སྒོས་དབུགས་འཚང་གི་ནད་དང་། དལ་གཤིས་ཕོ་རྒྱུའི་ནད། གྲུམ་བུའི་ནད་སོགས་ཕོག་མྱོང་མཁན་ལ་ནད་རྙིང་སླར་ཡང་ཐོན་པའི་ཉེན་ཁ་ཧ་ཅང་ཆེ། དེར་བརྟེན་དཔྱིད་ཀར་རྐང་པར་དྲོད་ཇུས་བྱེད་རྒྱུ་གལ་ཆེན་པོ་ཞིག་རེད།